ལི་ལི་དབང་ཕྱུག་

སྤྱིར་དབང་ཚོགས་པའི་གཙོ་འཛིན་ སྲིད་ཚོགས་གཞན་ནང་ འཛུལ་ཞུགས་འབད་ནིའི་ འཆར་གཞི་མེདཔ།

༉ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ ཌོག་ཊར་པདྨ་རྒྱ་མཚོ་གིས་ སླབ་མིའི་ནང་ འབྲུག་སྤྱིར་དབང་ཚོགས་པའི་ འཐུས་མི་ཚུ་ ཁོ་གི་ཚོགས་པ་ནང་ འཛུལ་ཞུགས་འབད་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།
ཨིན་རུང་ གཙོ་འཛིན་གྱིས་འབད་བ་ཅིན་ ཚོགས་པ་གཅིག་ཁར་ བསྡབ་ནི་དེ་ བཙག་འཐུའི་བཅའ་ཁྲིམས་ལས་ འགལ་བ་ཨིནམ་ལས་ ཚོགས་པ་༢ གཅིག་ཁར་བསྡབ་ནིའི་ འོས་འབབ་མིན་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུ་ནང་ ཚོགས་པ་༢ གཅིག་ཁར་བསྡབ་ནི་ཨིན་མས་ཟེར་ མི་སྡེ་ནང་ འཐོར་གཏམ་ཁྱབ་མིའི་སྐོར་ལས་ སྤྱི་ཟླ་༢ པའི་ཚེས་༧ ལུ་ འབྲུག་ཕུན་ཚོགས་པའི་ གནས་ཚུལ་ཞལ་འཛོམས་ནང་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱིར་དབང་ཚོགས་པའི་ གནས་སྡུད་སྐོར་ལས་ ག་ནི་ཡང་ ཤེས་རྟོགས་མེད་རུང་ ཚོགས་པ་དེ་ བཙག་འཐུ་ལྷན་ཚོགས་ལས་ ཐོ་བཀོད་ཆ་མེད་གཏང་པ་ཅིན་ ཚོགས་པའི་འཐུས་མི་ཚུ་ འབྲུག་ཕུན་སུམ་ཚོགས་པ་ནང་ འཛུལ་ཞུགས་འབད་ནིའི་ གོ་སྐབས་སྦོམ་ཡོད་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ སླབ་མིའི་ནང་ འབྲུག་མཉམ་རུབ་ཚོགས་དང་ འབྲུག་ཕུན་སུམ་ཚོགས་པ་༢ ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནིའི་ གོ་སྐབས་བྱིན་རུང་ ད་ལྟོ་ འཆར་གཞི་ག་ནི་ཡང་ མེད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མོ་རའི་ཚོགས་པ་དེ་ བཀོག་བཞག་སྟེ་ ཚོགས་པ་གཞན་ཅིག་ནང་ འཛུལ་ཞུགས་འབད་མི་ཚུགས་ཟེར་ཨིནམ་ད་ གལ་སྲིད་ མོ་ར་ ཚོགས་པ་གཞན་ནང་ འཛུལ་ཞུགས་འབད་བ་ཅིན་ ཚོགས་པའི་འཐུས་མི་ཚུ་ཡང་ འཛུལ་ཞུགས་འབད་དགོ་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པ་གིས་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་ནང་ སྤྱིར་བཏང་ཚོགས་རྒྱན་བརྒྱ་ཆ་༡༠ ལས་བརྒལ་ མ་ཐོབ་མི་ལུ་བརྟེན་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུ་ནང་ བཙག་འཐུ་ལྷན་ཚོགས་ལས་ འོས་འབབ་ཅན་གྱི་ དངུལ་འབྲེལ་རྒྱབ་སྐྱོར་མི་འཐོབ་ནི་ཨིན་པས།
གལ་སྲིད་ ཚོགས་པ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་དགོ་པ་ཅིན་ གཞུང་ལས་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་མེདཔ་སྦེ་ འབད་དགོཔ་ད་ སྤྱིར་བཏང་བཙག་འཐུ་ནང་ ཚོགས་རྒྱན་བརྒྱ་ཆ་༡༠ ལས་ ཉུང་སུ་སྦེ་ ཐོབ་པ་ཅིན་ ཤུལ་མའི་བཙག་འཐུ་ནང་ རྒྱལ་ཁམས་ལས་ དངུལ་གྱི་གྲོགས་རམ་མེད་པའི་ཁར་ ཐོ་བཀོད་ལས་ ཆ་མེདཔ་འབད་དགོཔ་ཨིན་པས།
ཚོགས་པ་དེ་གིས་ སྤྱི་ལོ་༢༠༡༣ གྱི་ སྤྱིར་བཏང་བཙག་འཐུ་ནང་ ཚོགས་རྒྱན་༡༢,༤༥༦ འབདཝ་ད་ བརྒྱ་ཆ་༥.༩ ལས་བརྒལ་ མ་ཐོབཔ་ད་ གཞུང་ལས་ སྐུལ་བསྒྲགས་ཀྱི་ གནང་བ་མེད་པ་ཅིན་ སྲིད་དོན་ཚོགས་པ་གཞན་དང་གཅིག་ཁར་ དོ་འགྲན་འདྲན་འདྲ་ འབད་མི་ཚུགསཔ་འོང་ཟེར་ ལི་ལི་དབང་ཕྱུག་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *