སྤྱི་ལོ་༢༠༢༡ མཐར་འཁྱོལ་ཅན་ འབྱུང་ནིའི་དོན་ལུ་ མཉམ་འབྲེལ་དགོ་ནི།

༉ ཁ་ཙ་ལས་ ལོ་གསར་གྱི་ མདུན་ལམ་འགོ་བཙུགསཔ་དང་འབྲེལ་ འདས་པའི་བྱུང་རྐྱེན་དང་ གདོང་ལེན་ ཉམས་མྱོང་ཚུ་ དྲན་ཚོར་འབདཝ་བཞིན་དུ་ སྤྱོ་ལོ་༢༠༢༡ ནང་ ལེགས་པའི་ལས་འཆར་གྲ་སྒྲིག་འབད་ནི་གི་ དུས་སྐབས་ཅིག་ཡང་ ཤརཝ་ཨིན་མས།

ཁ་ཙ་ སྤྱི་ལོ་གསརཔ་ཚེས་པའི་སྐབས་ ཨ་རྟག་བཟུམ་སྦེ་ ཁྲོམ་ཁ་ལས་ཕར་སོང་སྟེ་ སྤྲོ་སྟོན་དང་ དགའ་སྟོན་འབད་མ་ཚུགས་རུང་ རང་སོའི་ཁྱིམ་ནང་ བཟའ་ཚང་ཚུ་དང་གཅིག་ཁར་ སྡོད་ནི་གི་ གོ་སྐབས་ཐོབ་མི་དེ་ ནད་ཡམས་ལུ་བརྟེན་ཨིན།

ང་བཅས་ཀྱིས་ འདས་པའི་ལོ་ནང་ རྒྱབ་ལོག་ལྟཝ་ད་ སེམས་ཁ་ལུ་ དང་པ་ར་ ཚོད་དཔག་འབད་མ་ཚུགས་པའི་ ནད་ཡམས་ནོ་བཱལ་ཀོ་རོ་ན་བའེ་རཱསི་གིས་ འཛམ་གླིང་ལས་འགོ་བཙུགས་ སྐོབས་ཚུད་ཅན་གྱི་རྒྱལ་ཁབ་ འབྲུག་གི་ དཔལ་འབྱོར་གནས་སྟངས་ སྐྱོ་སུ་བཟོ་མི་དང་ མིའི་ཚེ་གཡོག་ལུ་ བར་ཆད་རྐྱབ་མི་ཚུ་ དྲན་སྣང་བྱུངམ་མས།

འབྲུག་ལུ་ ནད་ཡམས་ཐོབ་མི་འགོ་དང་པ་ སྤྱི་ཟླ་༣ པའི་ནང་ བདའ་ཟུན་ཏེ་ ཉིནམ་༢ པ་ལས་ སློབ་གྲྭ་ཚུ་ སྒོ་བསྡམས་ཡོདཔ་ལས་ ཨ་ལོ་ཚུ་གི་ ཤེས་ཡོན་སྦྱང་བརྩོན་ལུ་ བར་ཆད་བྱུང་ཡོདཔ་མ་ཚད་ ལྟ་བཤལ་དང་འབྲེལ་བའི་ ཚོང་འབྲེལ་ཚུ་ལུ་ ཐོ་ཕོག་སྟེ་ མི་ཁྲི་ཕྲག་ལས་བཅད་མི་ཚུ་གི་ ལཱ་གཡོག་བྱང་ཡོདཔ་ལས་ འཚོ་སྐྱོང་ལུ་ཡང་ འབྱེམ་ཕོག་མི་དེ་ ག་ར་གིས་མ་ཤེསཔ་མེད།

དེ་གིས་མ་དོ་བར་ ནད་ཡམས་ཀོ་བིཌ་-༡༩ མི་སྡེའི་ནང་ འབུ་མ་བཅུག་པར་ བཞག་ཐབས་ལུ་ སྤྱི་ལོ་༢༠༢༠ ལོ་ནང་ མི་སྟོང་ཕྲག་ལེ་ཤ་ཅིག་ ཟུར་བཞག་ནད་བརྟག་ལྟེ་བ་ཚུ་ནང་སྡོད་ དགོཔ་བྱུང་པའི་ཁར་ འགྲུལ་སྐྱོད་བཀག་དམ་ཚུ་ལུ་བརྟེན་ བྱ་སྟབས་མ་བདེཝ་ ལེ་ཤ་བྱུང་མི་ཚུ་གི་ དྲན་སྣང་ཡང་བྱུངམ་མས།

ཨིན་རུང་ སྤྱིར་བཏང་གི་ སྣང་བ་ལུ་ འདས་པའི་ལོ་ནང་ དཀའ་སྡུག་དང་ སྟབས་མ་བདེཝ་ཚུ་ ག་དེ་སྦེ་ར་ བྱུང་ཡོད་རུང་ འདི་ཚུ་ དཀའ་ངལ་སྦོམ་མེད་པར་ མཇུག་བསྡུ་ཡོདཔ་སྦེ་ བརྩི་འཇོག་འབདཝ་བཞིན་དུ་ སྤྱོ་༢༠༢༠ གིས་ འབྲུག་མི་ག་ར་ལུ་ དྲན་ཤེས་བཏོན་བཅུག་པའི་ཁར་ ཉམས་མྱོང་ཡང་ ལེ་ཤ་ཐོབ་ཚུགས་མི་དེ་གིས་ ལོ་གསརཔ་དང་ དེ་ལས་བརྒལ་ཏེ་ མདུན་སྐྱོད་ག་དེ་སྦེ་ འབད་ནི་ཨིན་ན་ འཆར་གཞི་དང་ ལས་འཆར་བརྩམ་ནི་ལ་སོག་པའི་ གྲ་སྒྲིག་འབད་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་མས།

ནད་ཡམས་ཀོ་བིཌ་-༡༩ གིས་ མིའི་ཚེ་སྲོག་ལུ་ གནོད་ཉེན་སྦོམ་བཀལ་ཡོད་རུང་ དབུ་ཁྲིད་ཚུ་ལས་འགོ་བཟུང་ ནད་ཡམས་སྔོན་འགོག་དང་ བཀག་འཛིན་གྱི་ གདོང་ལེན་འབད་ཐངས་དང་ སྟབས་མ་བདེཝ་ཐོན་པའི་ ནམ་དུས་ལུ་ དབུ་ཁྲིད་ཀྱིས་ སྣ་ཁྲིད་ཐོག་ དཀའ་སྡུག་བསལ་གནང་མི་ དེ་ལས་ འབྲུག་བཟུམ་མའི་ རྒྱལ་ཁབ་ཆུང་ཀུ་དང་ མི་རློབས་ཉུང་སུ་ཡོད་མི་ལུ་བརྟེན་ གདོང་ལེན་ག་ཅི་ར་བྱུང་རུང་ སྤྱི་རུབ་ཐོག་ལས་ འབད་བ་ཅིན་ བསལ་མ་ཚུགསཔ་མེད་པའི་  ཤེས་མྱོང་ཚུ་ཐོབ་ཅི།

དེ་འབདཝ་ལས་ ང་བཅས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་བཟུམ་མའི་ དབུ་ཁྲིད་བཞུགས་ཡོད་མི་དེ་གིས་ ནད་ཡམས་ཀྱི་ འཇིགས་སྣང་ག་དེ་སྦེ་ཡོད་རུང་ དམ་འཛིན་འབད་ཚུགས་པའི་ བློ་སྟོབས་ཐོབ་ཡོདཔ་བཞིན་དུ་ ད་རེས་ནངས་པར་ ནདཡམས་དེ་ མི་སྡེ་ནང་ འཕྱལ་སོང་ཡོདཔ་མ་ཚད་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་ནང་ ནད་ཡམས་ཐོན་ཐངས་དང་ ཁྱབ་སྤེལ་མ་འདྲཝ་ ལན་ཐེངས་༣ དང་༤ དེ་རེ་ ཐོན་དོ་བཟུམ་ འབྲུག་ལུ་ཐོན་རུང་ དེ་གི་གདོང་ལེན་འབད་ནི་ལུ་ ང་བཅས་གྲ་སྒྲིག་ཚུད་དེ་ཡོདཔ་ཨིན།

སྤྱི་ལོ་༢༠༢༠ ལོ་ནང་ ནད་ཡམས་ལུ་བརྟེན་ དཔལ་འབྱོར་དང་ ལྟ་བཤལ་ དེ་ལས་ ཟ་ཁང་ལ་སོགས་པའི་ ཚོང་འབྲེལ་ཚུ་ལུ་ ཐོ་ཕོག་ཡོད་རུང་ འཇིག་རྟེན་པའི་ དཔྱེ་གཏམ་ནང་ བྱི་ཙི་ཐལཝ་ད་དཀར་ཁུང་བསུབ།ཟེར་ སླབ་སྲོལ་ཡོདཔ་བཟུམ་མེན་པར་  འདས་པའི་བྱུང་རྐྱེན་ཚུ་ ཡོན་ཏན་དང་ གོ་སྐབས་གསརཔ་སྦེ་ དང་ལེན་འབད་དེ་ རྒྱལ་ཁབ་མདུན་སྐྱོད་ཀྱི་དོན་ལུ་ དཔལ་འབྱོར་གྱི་ ལས་སྣ་རྒྱ་སྐྱེད་དང་ ལྟ་བཤལ་གྱི་ སྲིད་བྱུས་བསྒྱུར་བཅོས་འབད་ནི་ ལཱ་གཡོག་གི་ ལམ་ལུགས་བསྐྱར་ཞིབ་ཐོག་ གོ་སྐབས་བཟོ་ནི་ གཞུང་སྐྱོང་ལམ་ལུགས་ ལེགས་བཅོས་འབད་ནིའི་ ཐབས་ལམ་ཚུ་བཏོན་དགོ།

འདི་དང་གཅིག་ཁར་ བརྡ་དོན་འཕྲུལ་རིག་ལུ་ ཤུགས་བཏོན་ཏེ་ གཞུང་ལས་མི་སེར་ལུ་ ཞབས་ཏོག་མགྱོགས་དྲགས་དང་ ཕན་ནུས་ཅན་སྦེ་ མཁོ་སྤྲོད་འབད་དགོ།

སྤྱི་ལོ་༢༠༢༡ འདི་ མཐར་འཁྱོལ་ཅན་སྦེ་ འབྱུང་དགོ་པ་ཅིན་ ནད་ཡམས་ཀོ་བིཌ་-༡༩ དེ་ ལྷག་པར་དུ་ ཁྱབ་སྤེལ་འགྱོ་མ་བཅུག་པར་ བཀག་འཛིན་འབད་ནིའི་དོན་ལས་ འབྲུག་མི་ཡོངས་ཀྱིས་ མཉམ་འབྲེལ་གང་དྲག་འབད་དེ་ དུས་རྒྱུན་དུ་ ཁ་རས་ལག་ལེན་དང་ རང་དང་གཞན་གྱི་བར་ན་ ས་སྟོང་བཞག་ནི་ དེ་ལས་ དབང་འཛིན་འགོ་དཔོན་ཚུ་གིས་གཙོས་པའི་ རང་སྲོག་བློས་བཏང་སྟེ་ སྒྲིག་གཡོག་རྒྱུག་མི་ཚུ་ལུ་ མཉམ་འབྲེལ་དང་ རྒྱབ་སྐྱོར་ག་དེ་དྲག་དྲག་ ཕུལ་དགོཔ་དེ་ ག་ནི་གལ་ཆེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *