སྤྱི་ལོ་༢༠༢༠ ལུ་ རྒྱལ་སྤྱིའི་འགྲུལ་པ་ བརྒྱ་ཆ་༨༦.༦ མར་བབས་སོང་ཡོདཔ།

༉ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་སྐྱེལ་འདྲེན་གྱི་ ལོ་བསྟར་གནས་སྡུད་སྙན་ཞུ་༢༠༢༠ ཅན་མ་དང་འཁྲིལཝ་ད་ རྒྱལ་སྤྱིའི་མཁའ་འགྲུལཔ་ བརྒྱ་ཆ་༨༦.༦ དེ་ཅིག་ མར་བབས་སོང་ནུག།

སྤྱི་ལོ་༢༠༢༠ ལུ་ འབྲུག་མཁའ་འགྲུལ་དང་ རྒྱལ་ཁབ་ནང་ སྒེར་གྱི་འཁའ་འགྲུལ་ལས་སྡེ་ བཀྲིས་མཁའ་འགྲུལ་གྱིས་ རྒྱལ་སྤྱི་འཕུར་འགྲུལ་རྒྱུན་ལམ་དང་ མཐུད་སྦྲེལ་འབད་མི་ མཁའ་འགྲུལཔ་ཚུ་མ་བརྩིས་བར་ རྒྱལ་སྤྱིའི་མཁའ་འགྲུལཔ་༤༩,༢༡༢ དེ་ཅིག་ སྐྱེལ་འདྲེན་འབད་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༩ ལུ་ མཁའ་འགྲུལ་ལས་སྡེ་༢ ཀྱིས་ རྒྱལ་སྤྱི་མཁའ་འགྲུལཔ་༣༦༨,༠༢༣ དེ་ཅིག་ སྐྱེལ་འདྲེན་འབད་ནུག།

རྒྱལ་སྤྱིའི་མཁའ་འགྲུལཔ་ཚུ་ཡང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ དམིགས་བསལ་གྱི་ གནམ་གྲུ་ནང་ འོང་མི་ཚུ་ཨིན་པས།

བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གིས་ འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་མི་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་སྐྱེལ་འདྲེན་གྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ ཀོ་བིཌ་-༡༩ གིས་ མཁའ་འགྲུལ་ལས་སྡེ་ཚུ་ལུ་ རྒྱ་ཆེ་དྲགས་སྦེ་ར་ གནོད་པ་རྐྱབ་ཡོདཔ་བཞིན་དུ་ ལྷན་ཁག་འོག་ལུ་ཡོད་པའི་ བརྡ་དོན་དང་ སྐྱེལ་འདྲེན་ དེ་ལས་ ཞི་བའི་མཁའ་འགྲུལ་གྱི་ གནས་སྡུད་ཚུ་ཚུད་ནུག།

འབྲུག་ལུ་ རྒྱལ་སྤྱིཡུ་མཁའ་འགྲུལཔ་ མར་བབས་སོང་མི་དེ་ རྒྱལ་སྤྱི་དཔྱ་སྙོམས་ལུ་ མཐོ་ཤོས་ཅིག་ཨིནམ་ད་ རྒྱལ་སྤྱི་ཞི་བའི་མཁའ་འགྲུལ་ཚོགས་སྡེ་དང་འཁྲིལཝ་ད་ སྤྱིར་སྙོམས་ནང་ རྒྱལ་སྤྱིའི་མཁའ་འགྲུལཔ་ བརྒྱ་ཆ་༦༠ དེ་ཅིག་ཡོདཔ་ཨིན་པས།

གཞུང་གིས་ ན་ཧིང་ སྤྱི་ཟླ་༣ པའི་ཚེས་༦ ལས་ རྒྱལ་སྤྱིའི་གནམ་གྲུ་ཚུ་ འཕུར་འགྲུལ་འབད་ནི་ བཀག་ཆ་འབད་ཡོདཔ་ལས་ ལྟ་བཤལ་འོང་ནི་ཡང་མེདཔ་ཨིན་པས།

སྤྱི་ལོ་༢༠༡༠ ལུ་ རྒྱལ་སྤྱིའི་མཁའ་འགྲུལཔ་༡༢༧,༡༨༡ ལས་༣༦༨,༠༢༣ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།

འབྲུག་གི་ནང་འཁོད་མཁའ་འགྲུལ་ཞབས་ཏོག་གི་ཐད་ལུ་ སྤྱི་ལོ་༢༠༡༩ དང་ཕྱདཔ་ད་ ན་ཧིང་ མཁའ་འགྲུལཔ་བརྒྱ་ཆ་༥༠ མར་བབས་སོང་ཡོད་མི་དེ་ཡང་ མཁའ་འགྲུལཔ་༦,༥༠༩ མ་གཏོགས་ སྐྱེལ་འདྲེན་མ་འབད་པས།

ད་ལྟོ་ འབྲུག་མཁའ་འགྲུལ་རྐྱངམ་གཅིག་གིས་ མཁའ་འགྲུལ་ཞབས་ཏོག་བྱིན་ཏེ་ཡོདཔ་ད་ རྒྱལ་སྤྱིའི་ནང་འབད་རུང་ ནང་འཁོད་མཁའ་འགྲུལ་ནང་ འགྲུལ་པ་མར་བབས་སོང་ཡོད་་པའི་ ཉམས་མྱོང་ཐོབ་ནུག།

སྣུམ་འཁོར་ནང་འདྲེན་བརྒྱ་ཆ་༥ ཡར་སེང་།

སྙན་ཞུ་དང་འཁྲིལཝ་ད་ ན་ཧིང་ སྤྱི་ཟླ་༡༢ པ་ཚུན་ རྒྱལ་ཁབ་ནང་ སྣུམ་འཁོར་བསྡོམས་༡༡༢,༠༥༨ ལུ་ ལྷོད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༩ ལུ་ སྣུམ་འཁོར་༡༠༦,༦༨༡ ཡོད་མི་ལས་ བརྒྱ་ཆ་༥ དེ་ཅིག་ ཡར་སེང་སོང་ནུག།

སྣུམ་འཁོར་བརྒྱ་ཆ་༥༣ དེ་ཅིག་ ཐིམ་ཕུག་ལུང་ཕྱོགས་དང་ བརྒྱ་ཆ་༣༣.༤ ཕུན་ཚོགས་གླིང་ དེ་ལས་ དགེ་ལེགས་ཕུག་ལུང་ཕྱོགས་ནང་ བརྒྱ་ཆ་༦.༦ དང་ བསམ་གྲུབ་ལྗོངས་མཁར་ལུ་ བརྒྱ་ཆ་༤.༩ མོང་སྒར་ལུང་ཕྱོགས་ནང་ བརྒྱ་ཆ་༢.༡ ཐོ་བཀོད་འབད་ནུག།

སྤྱི་ལོ་༢༠༢༠ ལུ་ ལོ་ཧེ་མ་དང་ཕྱདཔ་ད་ སྣུམ་འཁོར་ཆེ་བ་༡༢༢ ཡར་སེང་སོང་མི་དེ་ བརྒྱ་ཆ་༡ རྩིས་ཨིནམ་ད་ རྒྱལ་ཁབ་ནང་ སྣུམ་འཁོར་ཆེ་བ་༡༡,༨༠༠ དང་ སྣུམ་འཁོར་བར་མ་འབད་བ་ཅིན་ སྤྱི་ལོ་༢༠༡༩ ལས་ ན་ཧིང་ བརྒྱ་ཆ་༣ དེ་ཅིག་འབདཝ་ད་ སྣུམ་འཁོར་༡༦ ཡར་སེང་སོང་ནུག་ཟེར་ སྙན་ཞུ་ནང་བཀོད་ནུག།

ན་ཧིང་ལོ་ནང་ སྣུམ་འཁོར་ཆུང་བ་༣,༧༤༣ ལྷགཔ་ཅིག་ ཐོ་བཀོད་འབད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༥.༤ དེ་ཅིག་ ཡར་སེང་སོང་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ སྣུམ་འཁོར་ཆུང་བ་བསྡོམས་༧༢,༨༡༨ ཡོདཔ་ཨིན་པས།

སྣུམ་འཁོར་འཁོར་ལོ་༢ འབད་མི་༣༢༢ དེ་ཅིག་ ཡར་སེང་སོང་མི་བརྩིས་ཏེ་ ཡོངས་བསྡོམས་༡༡,༦༦༦ ལུ་ ཡར་འཕར་སེང་སོང་ནུག་ཟེར་ སྙན་ཞུ་ནང་བཀོད་ནུག།

སྤྱི་ལོ་༢༠༢༠ ལུ་ གླ་འཁོར་༦༠༡ ཡར་སེང་སོང་ཡོད་མི་ལས་ ལུང་ཕྱོགས་གཞན་དང་ཕྱདཔ་ད་ ཐིམ་ཕུག་ལུང་ཕྱོགས་ནང་ བརྒྱ་ཆ་༡༣.༨ ཡར་འཕར་སོང་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ དགེ་ལེགས་ཕུག་ལུང་ཕྱོགས་ནང་ བརྒྱ་ཆ་༩.༤ དང་ མོང་སྒར་ལུ་ བརྒྱ་ཆ་༨.༢ བསམ་གྲུབ་ལྗོངས་མཁར་༧.༡ དེ་ལས་ ཕུན་ཚོགས་གླིང་ལུང་ཕྱོགས་ནང་ བརྒྱ་ཆ་༦.༨ ཡར་སེང་སོང་ནུག། 

སྤྱི་ལོ་༢༠༡༩ ལུ་ སྣུམ་འཁོར་ཐུག་རྐྱེན་༡,༤༧༠ བྱུང་ཡོདཔ་སྦེ་ ཐོ་བཀོད་འབད་མི་དེ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ མཐོ་ཤོས་ཅིག་ཨིན་རུང་ ན་ཧིང་ སྣུམ་འཁོར་ཐུག་རྐྱེན་༨༡༡ ལུ་ མར་བབས་སོང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *