སྤྱི་ལོ་༢༠༢༠ གི་ནང་འཁོད་ལུ་ ཨེཆ་ཨའེ་བི་དང་ བསེམོ་ ཧེ་པ་ཏའེ་ཏིས་བི་ རྩ་མེད་གཏང་ནི།

༉ འབྲུག་རྒྱལ་ཁབ་ནང་ ཨེཆ་ཨའེ་བི་ནད་འབུབ་དང་ བསེམོ་ དེ་ལས་ མཆིན་ནད་ཧེ་པ་ཏའེ་ཏིས་བི་ཚུ་ ཨའི་ལས་ཨ་ལོ་ལུ་ འབུ་ནི་དེ་ སྤྱི་ལོ་༢༠༢༠ ཀྱི་ནང་འཁོད་ལུ རྩ་མེད་གཏང་ཚུགས་ནིའི་ དམིགས་གཏད་བསྐྱེད་དོ་ཡོདཔ་ད་ དེ་ཡང་ ལུང་ཕྱོགས་ཀྱི་ དམིགས་གཏད་ལས་ ཧེ་མ་འབད་ཚུགསཔ་སྦེ་ ཨིན་པས།

འཛམ་གླིང་གསོ་བའི་ལས་སྡེའི་ དམིགས་གཏད་ལས་འབད་བ་ཅིན་ ཨའི་ལས་ཨ་ལོ་ལུ་ ཨེཆ་ཨའེ་བི་ནད་འབུབ་དང་ བསེམོ་ དེ་ལས་ མཆིན་ནད་ཧེ་པ་ཏའེ་ཏིས་བི་ཚུ་ འབུ་ནི་དེ་ སྤྱི་ལོ་༢༠༣༠ ལུ་ རྩ་མེད་གཏང་དགོཔ་སྦེ་ཨིན་པས།

གསོ་བའི་ལྷན་ཁག་གི་ འབུ་ནད་སྡེ་ཚན་གྱི་ ལས་རིམ་འགོ་དཔོན་ངོ་ཚབ་ རྣམ་རྒྱལ་ཚེ་རིང་གིས་ ལོ་ཟུང་གསོ་བའི་ཞལ་འཛོམས་ཐེངས་༤ པའི་ ཉིནམ་དང་པའི་ནང་ བཤད་མི་དང་འཁྲིལཝ་ད་ ཨའི་ལས་ཨ་ལོ་ལུ་ འབུ་མི་དེ་ ད་ལྟོ་ འབྲུག་རྒྱལ་ཁབ་ནང་ ཡར་དྲག་སོང་སྟེ་ཡོདཔ་ལས་ གྲུབ་འབྲས་དེ་ལུ་བལྟ་བ་ཅིན་ དམིགས་གཏད་དེ་ འགྲུབ་ཚུགས་ནི་བཟུམ་ཅིག་ ཡོད་ཟེར་ཨིན་པས།

ད་ལྟོ་རྒྱལ་ཁབ་ནང་ ཨེཆ་ཨའི་བི་དང་ ལུས་འབྲེལ་ལས་སྤེལ་མི་ ནད་གཞི་ཚུ་ བརྟག་དཔྱད་འབད་ནིའི་ ཞབས་ཏོག་ཚུ་ སྤྱི་ལོ་༢༠༡༣ ལས་ སྨན་ཁང་དང་ གཞི་རྟེན་སྨན་ཁང་ག་རའི་ནང་ འབད་དོ་ཡོདཔ་མ་ཚད་ ཨ་ལོ་རྨས་སྐྱེས་དང་ རྒས་རྒན་ཚུ་ལུ་ མཆིན་ནད་ཧེ་པ་ཏའེ་ཏིས་གི་སྨན་ཁབ་ དེ་ལས་ བསེམོ་གི་ སྨན་བཅོས་ཚུ་ ག་ར་ལུ་ འབད་དོ་ཡོདཔ་ཨིན་པས།

ཨའི་དང་ ཨ་ལོ་རྨས་སྐྱེས་ཀྱི་ འཕྲོད་བསྟེན་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ཨམ་སྲུ་ཨ་ལོ་སྐྱེ་ནི་ཡོད་མི་ཚུ་གིས་ ཨེཆ་ཨའེ་བི་ནད་གཞི་ བརྟག་དཔྱད་འབད་ནི་དེ་ བརྒྱ་ཆ་༩༥ དང་ ཨེཆ་ཨའེ་བི་ཡོད་མི་ ཨའི་ཚུ་ལུ་ ཨེན་ཏི་རེ་ཏོ་བའི་རཱལ་སྨན་བཅོས་དེ་ ཨམ་སྲུ་བརྒྱ་ཆ་༩༩ ལུ་ བྱིན་དོ་ཡོདཔ་སྦེ་ཨིན་པས།

རྣམ་རྒྱལ་ཚེ་རིང་གིས་ བཤད་མིའི་ནང་ རྒྱལ་ཁབ་ནང་ ཨ་ལོ་སྐྱེ་ནི་ཡོད་མི་ཨའི་ཚུ་ བསེམོ་ནད་བརྟག་དཔྱད་གནས་ཚད་ བརྒྱ་ཆ་༩༥ ཡོདཔ་ད་ སྨན་བཅོས་འབད་ནི་དེ་ བརྒྱ་ཆ་༩༨ ཡོདཔ་སྦེ་ཨིན་པས།

དེ་བཟུམ་སྦེ་ མཆིན་ནད་ཧེ་པ་ཏའེ་ཏིས་བི་དེ་ ཨའི་ལས་ཨ་ལོ་ལུ་ འབུ་ནི་དེ་ བརྒྱ་ཆ་༩༠ མར་བབས་སོང་ཡོདཔ་ད་ རྒྱལ་ཁབ་ནང་ མཆིན་ནད་ཧེ་པ་ཏའེ་ཏིས་བི་ཡོད་མི་དེ་ བརྒྱ་ཆ་ལས་༠.༡ རྐྱངམ་གཅིག་ཨིན་པས།

ལུང་ཕྱོགས་ཀྱི་ དམིགས་གཏད་ལས་འབད་བ་ཅིན་ མཆིན་ནད་ཧེ་པ་ཏའེ་ཏིས་དེ་ ཨའི་ལས་ཨ་ལོ་ལུ་ འབུ་ནི་དེ་ སྤྱི་ལོ་༢༠༣༠ གི་ ནང་འཁོད་ལུ་ བརྒྱ་ཆ་༩༥ རྩ་མེད་གཏང་ཚུགསཔ་སྦེ་ཨིན་རུང་ འབྲུག་རྒྱལ་ཁབ་ཀྱིས་ བརྒྱ་ཆ་༩༥ ལྷགཔ་ཅིག་ གྲུབ་ཚར་ཏེ་ཡོདཔ་སྦེ་ཨིན་པས།

ད་ལས་ཕར་འབད་རུང་ ལུང་ཕྱོགས་སྨན་ཁང་དང་ རྫོང་ཁག་ དེ་ལས་ གཞི་རྟེན་སྨན་ཁང་ཚུ་ནང་ ལུས་འབྲེས་ལས་སྤེལ་བའི་ ནད་གཞི་ཚུ་གི་ འབྲི་ཤོག་གཅིག་ བཀྲམ་སྤེལ་འབད་ནི་ཨིནམ་ད་ དེ་ནང་ ནད་གཞི་ཨེཆ་ཨའེ་བི་དང་ ཧེ་པ་ཏའེ་ཏིས་བི་ དེ་ལས་ ལུས་འབྲེལ་ལས་སྤེལ་མི་ ནད་གཞི་ཚུ་ རྫོང་ཁག་གསོ་བའི་འགོ་དཔོན་ཚུ་གིས་ ལོ་ཕྱེད་ནང་ སྙན་ཞུ་ཚར་རེ་ཕུལ་དགོཔ་སྦེ་ཨིན་པས།

ནང་སྲིད་བློན་པོ་ ཟླ་བ་རྒྱལ་མཚན་གྱིས་ བཤད་མིའི་ནང་ འབྲུག་རྒྱལ་ཁབ་ནང་ གསོ་བའི་མཐུན་རྐྱེན་ཚུ་ རིན་མེད་སྟོང་པར་སྦེ་ བྱིན་དོ་ཡོདཔ་ལས་ དེ་ནང་སྐྱེས་མི་ མི་སེར་ག་ར་ ཁ་རྗེ་བཟངམ་སྦེ་ བརྩི་དགོ་པས་ཟེར་ཨིན་པས།

མི་སེར་གྱི་ དགའ་སྐྱིད་དང་ཞི་བདེ་ཟེར་རུང་ འཕྲོད་བསྟེན་ལེགས་ཤོམ་ཡོད་ནི་དེ་ཨིནམ་ད་ མི་སེར་ཚུ་ འཕྲོད་བསྟེན་ལེགས་ཤོམ་ཡོད་མི་ལུ་བརྟེན་ ཚེ་རིང་བའི་ཁར་ ནད་མེད་པ་ཅིན་ དེ་གིས་ རྒྱལ་ཁབ་ཀྱི་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ཡང་ ཁེ་ཕན་སྦོམ་ཡོདཔ་སྦེ་བཤད་ཅི།

དེ་འབདཝ་ལས་ རྒྱལ་ཁབ་ནང་ གསོ་བའི་འཕྲོད་བསྟེན་དང་ ཞབས་ཏོག་གོང་འཕེལ་གཏང་ནི་དེ་ གཞུང་གི་དམིགས་གཏད་དང་ གཞི་རྩ་ངོ་མ་ཅིག་ཨིནམ་སྦེ་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *