སྤྱི་ལོ་༢༠༡༨ ཀྱི་ འགན་ཁུར་འགོ་བཙུགས་ཡོདཔ།

༉ འབྲུག་གི་དམངས་གཙོའི་རིང་ལུགས་ཀྱི་སྲོག་ཤིང་ དཔལ་ལྡན་འབྲུག་པའི་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལྟར་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་གསུམ་པ་དེ་ འགོ་འདྲེན་འཐབ་དགོཔ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཟླ་༢ པའི་ཚེས་༡༥ ལུ་ བཀའ་ཤོག་གནང་མི་དང་བསྟུན་ ད་རེས་ནངས་པར་ རྒྱལ་ཁབ་འདི་ བཙག་འཐུའི་དུས་ཡུན་ནང་ གནས་ཏེ་ཡོདཔ་ཨིན།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བསྐྱར་ཞིབ་ཀྱི་ འགན་ཁག་ལྡན་པའི་ ཚོགས་ཁང་ཅིག་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ བཙག་འཐུ་མ་འབད་ཚུན་ཚོད་ཀྱི་རིང་ འབད་ཆོག་མི་ཆོག་གི་སྐོར་ གནད་དོན་ཁག་༡༩ གསལ་བསྒྲགས་འབད་ཡོདཔ་ད་ ད་ཚུན་གྱི་བར་ན་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་འདོད་ཡོད་མི་ མི་ངོ་༡༧༢ ཀྱིས་ བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་ཡོད་རུང་ གནས་ཡུན་ཚང་རན་མི་ འཐུས་མི་ག་དེམ་ཅིག་གིས་ ལོག་བཙག་འཐུ་ནང་ བཅའ་མར་གཏོགས་འོང་ག་ ད་ལྟོ་ ཤེས་རྟོགས་མེད་པར་ཡོདཔ་ཨིན།
ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ཉིནམ་འདི་ སྤྱི་ཟླ་༤ པའི་ཚེས་༢༠ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ ཚོགས་རྒྱན་ས་ཁོངས་༨༦༦ ནང་ འགོ་འདྲེན་འཐབ་ནི་སྦེ་ གསལ་བསྒྲགས་འབད་ཡོད་རུང་ མི་མང་གིས་ བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་ དགག་ཆ་བཀོད་ནི་གི་དོན་ལུ་ སྤྱི་ཟླ་༢ པའི་ཚེས་༡༥ ལས་ གསལ་བསྒྲགས་འབད་མི་ བཙག་འཐུའི་ཐོ་ཡིག་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུ་གི་ཟིན་ཐོ་ཚུ་ ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་ནང་ ད་ལྟོའི་བར་ན་ཡང་ མ་བཙུགས་པར་ཡོད་པའི་ཁར་ ཡིག་ཆ་ཚུ་ཡང་ ཕབ་ལེན་འབད་མ་ཚུགས་པའི་ དཀའ་ངལ་འདུག།
ཟིན་ཐོ་ཚུ་ མི་མང་ལུ་ གསལ་སྟོན་འབད་མི་དེ་ཡང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ཆ་མཉམ་གྱིས་ར་ རང་སོའི་ བཙག་འཐུའི་ཐོ་ཡིག་ནང་ ཚུད་མ་ཚུད་དང་ ཁ་གསལ་ཚུ་ མ་འཛོལ་བར་ ངེས་བདེན་བཀོད་དེ་ཡོད་མེད་ལུ་ བདེན་དཔྱད་འབད་དེ་ བཙག་འཐུའི་ཐོ་ཡིག་ནང་ ནོར་བ་བཀོད་ཡོད་མི་དང་ ཡང་ཅིན་ བརྡ་དོན་ཁ་གསལ་མ་ཚུད་པར་ཡོད་པ་ཅིན་ སྤྱི་ཟླ་༢ པའི་ཚེས་༡༦ ལས་འགོ་བཙུགས་ སྤྱི་ཚེས་༢༥ ཚུན་གྱི་བར་ན་ རང་སོའི་འབྲེལ་ཡོད་ རྫོང་ཁག་བཙག་འཐུ་ཡིག་ཚང་ནང་ ཐོབ་བརྗོད་དང་ དགག་ཆ་བཀོད་དགོཔ་ཨིན་མས།
སྤྱི་ཚོགས་ཀྱི་ བཙག་འཐུའི་བྱ་རིམ་ཚུ་ རང་མོས་དང་ རྣམ་དག་ དེ་ལས་ བར་ཆད་ག་ནི་ཡང་མེད་པར་ ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ ག་དེ་དྲག་དྲག་ རྩ་འགེངས་མི་དང་ བཙག་འཐུའི་སྐབས་ ཚོགས་རྒྱན་སྐྱུར་མི་ གང་མང་འོང་བཅུག་ནིའི་དོན་ལུ་ རྒྱལ་ཁབ་ནང་འཁོད་ལུ་ འགྲེམ་ཐོག་ཚོགས་རྒྱན་ལྷན་ཐབས་ས་ཁོངས་༦༤ གཞི་བཙུགས་དང་ དབང་པོ་ལུ་ ཐོ་ཕོག་མི་ཚུ་གི་དོན་ལས་ ཁོང་སྡོད་སར་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་བཟོ་མི་དེ་ བསྟོད་པར་འོས་པའི་ གྲོས་ཆོད་ཅིག་ཨིན་མས།
འདི་བཟུམ་མའི་ ཐབས་ལམ་བཏོན་མི་དེ་གིས་ མི་སེར་ཚུ་ལུ་ ཚོགས་རྒྱན་བཙུགས་ནི་གི་ སྟབས་བདེ་ཏོག་ཏོ་བཟོ་ཡོདཔ་ལས་ ད་རིས་ཀྱི་ བཙག་འཐུ་ནང་ ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་ཡར་སེང་འགྱོ་ནི་གི་ རེ་བ་ཡོད།
བཙག་འཐུའི་དུས་ཚོད་དེ་ དང་འདོད་ཅན་གྱི་ འདེམས་ངོ་ཚུ་གི་དོན་ལུ་རྐྱངམ་གཅིག་མེན་པར་ བརྡ་བརྒྱུད་གསར་ཤོག་དང་ རྒྱང་བསྒྲགས་གཉིས་ཆ་ར་གིས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ ཐོན་མི་ཚུ་གི་སྐོར་ལས་ པར་སྐྲུན་དང་ རྒྱང་བསྒྲགས་འབད་མ་ཆོག་མི་དེ་ཡང་ འདེམས་ངོ་ཆ་མཉམ་ལུ་ གོ་སྐབས་འདྲ་མཉམ་དང་ སྐུལ་བསྒྲགས་འབད་ནི་ཚུ་ བཀག་ཐབས་ལུ་ཨིན་མས།
ད་རུང་ བཙག་འཐུ་ཚུ་ རྣམ་དག་ཐོག་ལས་ འགོ་འདྲེན་འཐབ་པའི་སྐབས་ ཚོགས་རྒྱན་གྱངས་ཁ་རྐྱབ་པའི་ ནམ་དུས་ལུ་ གནང་བ་ཡོད་པའི་ བརྡ་བརྒྱུདཔ་དེ་ལུ་ བལྟ་ནི་དང་ ལྟ་རྟོག་འབད་བཅུག་ནི་ཨིན་རུང་ བྱ་སྒོའི་ལམ་ལུགས་ལུ་ གནས་པ་ཅིན་རྐྱངམ་གཅིག་ གོ་སྐབས་བྱིན་ནི་ཨིན་མས།
ཧེ་མ་འབད་བ་ཅིན་ ལམ་ལུགས་དྭངས་གསལ་མེད་ནི་དེ་གིས་ བརྡ་བརྒྱུད་དང་ ངོས་ལེན་འགོ་དཔོན་ཚུ་གི་བར་ན་ སྟབས་བདེཝ་མ་བདེཝ་དང་ ཚོགས་རྒྱན་གྱི་ གྱངས་ཁ་ཚུ་ནང་ ནོར་བ་བྱུང་མི་ལུ་བརྟེན་ མི་མང་ལུ་ བརྡ་དོན་ཕྱི་འགྱུར་སྦེ་ སྤྲོད་ཡོད་པའི་ དཀའ་ངལ་ཚུ་ཐོན་ཡི། ད་རེས་ བཙག་འཐུ་ལྷན་ཚོགས་ཀྱིས་ བརྡ་བརྒྱུདཔ་ཚུ་ བཙག་འཐུའི་བྱ་རིམ་ གལ་གནད་ཅན་ནང་ ལྟ་རྟོག་འབད་བཅུག་ནི་གི་ གྲོས་ཐག་བཅད་མི་དེ་ལུ་ གུས་ཞབས་ཡོད་ཟེར་ ཞུ་ནི་ཨིན།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *