སྤྱི་ལོ་༢༠༡༧ ལུ་ འདོད་སྤྱོད་རྩུབ་སྤྱོད་ཀྱི་རྩོད་དོན་ ཡར་སེང་སོང་ཡོདཔ།

༉ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ལོ་བསྟར་སྙན་ཞུ་༢༠༡༧ དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ ལུ་ འདོད་སྤྱོད་རྩུབ་སྤྱོད་ཀྱི་གནད་དོན་༦༥ སྙན་ཞུ་འབད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་༢༡ ཡར་སེང་སོང་ནུག།
སྤྱི་ལོ་༢༠༠༥ ལུ་ ཚན་རིག་བརྟག་དཔྱད་སྡེ་ཕྲན་ གཞི་བཙུགས་འབད་ཞིནམ་ལས་ སྤྱི་ལོ་༢༠༠༦ ལུ་ འདོད་སྤྱོད་དང་འབྲེལ་བའི་གནོད་འཚེ་༦༦ ཐོན་ཡོད་མི་དེ་ མཐོ་ཤོས་ཅིག་སྦེ་ ཐོ་བཀོད་འབད་ཡོདཔ་ད་ སྤྱི་ལོ་༢༠༠༥ ལུ་ གནད་དོན་ཁག་༩ ཐོན་ནུག།
ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ འདོད་སྤྱོད་གནོད་འཚེ་གི་ རྩོད་དོན་ཁག་༥ དེ་ཅིག་ ཟླ་རིམ་བཞིན་དུ་ ཐོ་བཀོད་འབད་དོ་ཡོདཔ་ཨིན་པས།
ན་ཧིང་ ལཱ་དང་འབྲེལ་བའི་ཐུག་རྐྱེན་གྱི་ གནད་དོན་ཁག་༣༤ ཐོན་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་ གནད་དོན་༢ ཐོན་ནུག།
ཚན་རིག་བརྟག་དཔྱད་ཀྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལཱ་དང་འབྲེལ་བའི་ཐུག་རྐྱེན་ཟེར་སླབ་པའི་སྐབས་ ལཱ་འབད་སའི་ས་ཁོངས་ནང་ ཐུག་རྐྱེན་བྱུང་མི་ གནད་དོན་དེ་ལུ་ གོཝ་ཨིན་པས།
སྣུམ་འཁོར་ཐུག་རྐྱེན་གྱི་ གནད་དོན་དེ་ སྤྱི་ལོ་༢༠༡༦ ལུ་༣༡༠ ལས་ ན་ཧིང་༢༧༨ ལུ་ མར་བབས་སོང་ནུག།
ལོ་ལྔའི་འཆར་གཞི་༡༢ པའི་ནང་ རོ་ཁང་དང་ རོ་དཔྱད་ཀྱི་མཐུན་རྐྱེན་ཚུ་ཡང་ བཙུགས་ནིའི་འཆར་གཞི་འདུག།
ད་རུང་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཕྱི་སྡོད་ནདཔ་བརྟག་དཔྱད་དོན་ལུ་ འོང་མིའི་གྱངས་ཁ་དེ་ སྤྱི་ལོ་༢༠༡༦ ལུ་༤༩༧,༦༠༤ འོང་ཡོད་རུང་ སྤྱི་ལོ་༢༠༡༧ ནང་ ནདཔ་༢༨,༨༨༧ གིས་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
སྨན་ཁང་ནང་ལས་ མི་སྡེ་འཕྲོད་བསྟེན་གྱི་ཞབས་ཏོག་ཚུ་ ནདཔ་༧༨,༥༤༨ ལུ་ བྱིན་ཡོདཔ་ད་ སོ་བརྟག་དཔྱད་འབད་མི་༥༥,༥༤༨ ལུས་སྦྱོང་སྨན་བཅོས་ཀྱི་ཞབས་ཏོག་ ནདཔ་༣༡,༢༦༤ ལུ་བྱིན་ཡོདཔ་ད་ པགས་ནད་ཀྱི་སྨན་བཅོས་ནདཔ་༡༦,༤༢༥ ལུ་ བྱིན་ཡོདཔ་སྦེ་ཨིན་པས།
ནདཔ་ཚབས་ཆེན་ལས་ཁུངས་ཀྱིས་ གནད་དོན་ཁག་༢༦,༦༤༦ ཐོན་ཡོདཔ་ད་ སྨན་སྤྲོད་སའི་ལས་ཁུངས་ཀྱིས་ ནདཔ་༣༨༦,༧༨༠ ལུ་ ཞབས་ཏོག་ཚུ་ སྤྲོད་ཡོདཔ་སྦེ་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཉལ་ཁྲི་༣༦༨ ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ ནདཔ་༡༧,༤༦༨ སྨན་ཁང་ནང་སྡོད་དེ་ སྨན་བཅོས་ཚུ་འབད་ནུག།
སྨན་ཁང་ནང་ ཨ་ལོ་གསརཔ་༤,༥༥༣ སྐྱེས་ས་ལས་ གཤག་བཅོས་འབད་ཐོག་ལས་ ཨ་ལོ་༡,༢༨༣ སྐྱེས་ནུག།
སྨན་ཁང་གཞི་བཙུགས་ཀྱི་ཉིནམ་ལུ་ སྨན་ཁང་གི་གཙོ་འཛིན་ ལྷགཔ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྨན་ཁང་ལས་ ཞབས་ཏོག་གང་དྲག་སྦེ་ ནདཔ་ཚུ་ལུ་སྤྲོད་ཚུགས་མི་དེ་ཡང་ སྨན་ཁང་གི་ལས་བྱེདཔ་དང་ ལྷན་ཁག་གི་རྒྱབ་སྐྱོར་ འབྲེལ་ཡོད་ལས་སྡེ་གི་རྒྱབ་སྐྱོར་ དེ་ལས་ ཁས་བླངས་པ་ཚུ་གི་ རྒྱབ་སྐྱོར་གང་དྲག་འབད་མི་དེ་གིས་ཨིནམ་སྦེ་ བཤད་ཅི།
ད་ལྟོ་ སྨན་ཁང་གི་ ལས་ཁུངས་༢༠ ནང་ ལས་བྱེདཔ་༡༣༠༠ ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *