སྤྱི་ལོ་༢༠༡༧ ལུ་ ནང་སྲིད་ལྷན་ཁག་ནང་ གྲོས་ཐག་བཅད་མ་ཚུགས་པའི་ གནད་དོན་སྣ་ཚོགས།

༉ གནམ་ལོ་མེ་མོ་བྱ་ལོ་ནང་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ནང་ ལྷན་ཁག་གིས་ དཀའ་ངལ་སེལ་མ་ཚུགས་པའི་ གནད་དོན་སྣ་ཚོགས་ཐོན་ཡི།
ལོ་དེ་ཡང་ གཡུས་སྒོ་སོ་སོར་ལས་ཕར་ རང་སོའི་ ཆོས་ལུགས་དང་ མི་རིགས་སོ་སོར་སྦེ་ ཕྱེ་མི་དེ་གིས་ མི་དག་པ་ཅིག་ལུ་ དཀའ་ངལ་ཐོན་ཡོད་པའི་སྐོར་ལས་ ལོ་རྒྱུས་ཚུ་ཐོན་ཡོད་རུང་ གནད་དོན་དེ་ མི་མང་གི་གྲོས་འཛོམས་ཚུ་ནང་ གྲོས་བསྟུན་དེ་ཅིག་མ་འབད་བར་ བཞག་ཡོད་རུང་ སྤྱི་ཟླ་༣ པའི་ནང་ སྐྱེས་ལོ་༣༦ ལང་མི་ ཕོ་སྐྱེས་ཅིག་གིས་ དགེ་ལེགས་ཕུག་ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་རྐྱངམ་གཅིག་ བསམ་གཏན་གླིང་རྒེད་འོག་བདག་སྐྱོང་གིས་ དགེ་ལེགས་ཕུག་དྲུང་ཁག་ཁྲིམས་འདུན་ནང་བཏང་པའི་ཤུལ་ལས་ ཆེ་མཐོ་ཁྲིམས་འདུན་ལུ་ ལྷོད་ཡོདཔ་ཨིན་པས།
དེ་མ་ཚད་ ཕོ་སྐྱེས་དེ་གིས་ རྒྱལ་ཡོངས་ཚོགས་འདུ་དང་ ཚོགས་སྡེ་ལས་ཡང་ བར་འཛུལ་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ད་ ཟླཝ་དེ་ནང་ར་ རྒྱལ་ཡོངས་ཞི་གཡོག་ལྷན་ཚོགས་ཀྱིས་ ལྷན་ཁག་ལུ་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་ལུ་ ཁོང་གི་འགན་ཁུར་དེ་ གལ་ཆེ་མི་ལུ་བརྟེན་ ཁོང་རའི་གོ་གནས་ནང་ལས་ གཞན་ཁར་འགྱོ་ནི་ལུ་ རྒྱབ་སྣོན་མེད་པའི་སྐོར་ལས་ ཁྱབ་བསྒྲགས་བཏང་ཡི།
དེ་ལས་ ཟ་ཁང་བར་མའི་ ཇོ་བདག་ཚུ་གིས་ ཕྱི་མི་ནང་སྐྱོད་ཀྱི་ ལུང་ཕྱོགས་ལྟ་བཤལཔ་ཚུ་གིས་ རྒྱལ་ཁབ་ནང་འོང་ནིའི་དོན་ལུ་ ཧེ་མ་ར་ ཟ་ཁང་ཚུ་འཚོལ་དགོ་པའི་སྐོར་ལས་ ཁྱབ་བསྒྲགས་འབད་མི་ལུ་ དྲི་བཀོད་འབད་ཡོདཔ་ད་ ཁྱབ་བསྒྲགས་དེ་ལུ་ ཐིམ་ཕུག་ནང་འཁོད་ལུ་ཡོད་མི་ ཟ་ཁང་གི་ཇོ་བདག་མང་ཤོས་ཀྱིས་ ཁོང་དང་གཅིག་ཁར་ གྲོས་བསྟུན་མ་འབདཝ་ལས་ ཁོང་ལུ་ ཐོ་ཕོག་ཡོདཔ་སྦེ་ བཤད་ཡོདཔ་ཨིན།
རྒེད་དྲུང་ཚུ་གི་ གནས་ཡུན་དེ་ སྤྱི་ལོ་༢༠༡༦ ལོ་མཇུག་ལས་ཚང་ཡོད་རུང་ གཞུང་གིས་ ཁོང་ཚུ་གི་གནས་ཡུན་དེ་ སྤྱི་ལོ་༢༠༡༩ ལོའི་སྤྱི་ཟླ་༣ པ་ཚུན་ ཕར་འགྱངས་འབད་ཡོདཔ་ད་ གནད་དོན་དེ་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ལས་སྡེའི་གོང་འཕེལ་ལམ་ལུགས་གཞི་བཙུགས་འབད་བའི་སྐབས་ རྒེད་དྲུང་ཚུ་གི་གོ་གནས་དེ་ དགོཔ་མེདཔ་སྦེ་ ཐོན་པའི་ཤུལ་ལས་ ཐོན་ཡི།
རྒེད་དྲུང་ཚུ་ བཅའ་ཁྲིམས་དང་སྒྲིག་གཞི་ག་ཅི་གིས་ཡང་ མི་འགབ་དོ་ཡོདཔ་ལས་ ཁོང་ཚུ་གིས་ མི་ཚེ་ཅིག་ལཱ་འབད་རུང་ ཐོབ་ཐངས་གཞན་ཚུ་མ་རྩིས་བར་ དངུལ་ཕོགས་དེ་ དངུལ་ཀྲམ་༡༣,༠༠༠ ལས་མི་འཐོབ་ནི་ཨིནམ་དང་ རྒེད་དྲུང་ཚུ་ སྤྱི་ལོ་༡༩༦༠ རེ་གྲངས་དེ་ཅིག་ལས་ རྒེད་འོག་ཚུ་ནང་ འགོ་བཙུགས་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ རྒེད་དྲུང་ཚུ་ ལས་མིའི་དགོངས་ཡངས་འཐོབ་པའི་ཁར་ ལཱ་འབད་མི་ལུ་འཐུས་དུམ་གྲ་རེ་ བྱིན་པའི་སྲོལ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ རྒེད་དྲུང་གི་འགན་ཁུར་ངོ་མ་ར་ ཁྲལ་བསྡུ་ནི་དང་ རྒཔོ་གི་ཡིག་རིགས་ཚུ་ ཟིན་བྲིས་འབད་ནི་ཚུ་ཨིན་རུང་དུས་ཀྱི་འགྱུར་བ་དང་འཁྲིལ་ ཐོབ་ལམ་ཚུ་ཡང་བསྒྱུར་བཅོས་སོང་ཡོད་པའི་ཁར་ ཁེ་ཕན་ཚུ་ཡང་ཐོབ་དོ་ཡོདཔ་ད་ ས་གནས་གཞུང་ལས་ཁུངས་དང་འཁྲིལཝ་ད་ ད་རེས་ མཐོ་རིམ་ཤེས་ཚད་ཡོད་མི་༢༠ དེ་ཅིག་གིས་ རྒེད་དྲུང་སྦེ་ ལཱ་འབད་དོ་ཟེར་ཨིན་པས།
ཤར་ཕྱོགས་རྫོང་ཁག་ནང་འབད་བ་ཅིན་ བཀྲིས་སྒང་རྫོང་ཁག་ཚོགས་འདུ་གིས་ ལམ་སྲོལ་ལས་ཁུངས་ལུ་ འབྲུག་དཀར་རྫས་ཚེ་ཐར་ཚོགས་པའི་ མཉམ་འབྲེལ་བ་གཉིས་ཀྱིས་ སྤྲུལ་སྐུ་ཨིནམ་སྦེ་བཟོ་ཡོད་མི་ལུ་ བར་འབྲེལ་འབད་དགོ་པའི་གྲོས་འཆར་འབད་ནུག།
མཉམ་འབྲེལ་བ་གཉིས་ཀྱིས་ བཀང་ལུང་རྒཔོ་ ཀུན་བཟང་རྡོ་རྗེ་ལུ་ ཁོང་གཉིས་ལུ་ སྐུར་འདེབས་འབད་བའི་ཉེས་འཛུགས་འབད་ནི་ཟེར་སླབ་ཡོདཔ་ད་ རྒཔོ་གིས་ ཁོང་གཉིས་ཀྱི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ ཝི་ཅེཌ་ནང་ དར་ཁྱབ་བཏང་ཡོདཔ་ཨིན་པས།
ནང་སྲིད་ལྷན་ཁག་གིས་ གནད་དོན་དེ་ལུ་ བསྐྱར་ཞིབ་འབད་ནི་དེ་ ཁ་བཟེད་དེ་ ཞིབ་དཔྱད་འབད་བར་ འགོ་དཔོན་ཚུ་གཏང་ཡོད་རུང་ ཞིབ་འཚོལ་འབད་བའི་སྙན་ཞུ་ ད་ལྟོ་ཡང་ གསལ་སྟོན་མ་འབད་བར་ བཞག་ཡོདཔ་ཨིན་པས།
ལྷུན་རྩེ་ལུ་འབད་བ་ཅིན་ སྐམ་དར་སྤྱི་འོག་གི་ ཁྱིམ་གུང་པ་བརྒྱད་ཀྱིས་ སྤྱི་འོག་གི་ཁྱིམ་གུང་པ་ཅིག་གིས་ མི་སྡེའི་དུས་སྟོན་ནང་ བཅའ་མར་གཏོགས་མ་བཏུབ་པའི་སྐོར་ལས་ ཁྲིམས་འདུན་ལུ་བཙུགས་ཡོདཔ་ད་ ཐིམ་ཕུག་རྫོང་ཁག་གི་ལྕང་རྒཔོ་བཀའ་འགྱུར་ད་ གཞལམ་སྒང་རྫོང་ཁག་གི་ མགོ་ཤིང་རྒེད་འོག་གི་རྒཔོ་ སངས་རྒྱས་ལས་འཕྲོ་ཡང་ ཁྲིམས་དང་འབྲེལ་བའི་གནད་དོན་ལུ་བརྟེན་ ཁྲིམས་བཤེར་ཀྱི་གནད་དོན་ནང་ ཚུད་ཡོདཔ་ཨིན་པས།
ལྕང་རྒཔོ་གི་རྩོད་གཞི་དེ་ ཐིམ་ཕུག་ཁྲིམས་འདུན་ལུ་བཙུགས་པའི་ཤུལ་ལས་ ས་གནས་གཞུང་ལས་ཁུངས་ཀྱིས་ རྒཔོ་དེ་དགོངས་ཕོག་བཏང་ཡོད་རུང་ རྒཔོ་སངས་རྒྱས་ལས་འཕྲོ་གི་རྩོད་གཞི་དེ་ ད་ལྟོ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སངས་རྒྱས་ལས་འཕྲོ་འཛིན་བཟུང་འབད་དེ་ སྤྱི་ལོ་༢༠༡༡ ལས་༢༠༡༥ འི་བར་ན་ མི་མང་གི་མ་དངུལ་ དངུལ་ཀྲམ་ས་ཡ་༡༠.༥༩༤ ལོག་སྤྱོད་འབད་བའི་ཉེས་འཛུགས་འབད་དེ་ དྲི་དཔྱད་ཚུ་འབད་ཡོདཔ་ཨིན་པས།
གཞལམ་སྒང་རྫོང་ཁག་གིས་ རྫོང་ཁག་ཚོགས་འདུ་གིས་ རྫོང་ཁག་གི་ མི་སེར་ག་ར་ལུ་ དྲོ་པ་ཆུ་ཚོད་༩ ལས་ཕྱི་རུ་ཆུ་ཚད་༥ ཚུན་ ཁྲོམ་སྡེ་དང་གཡུས་སྒོ་ཚུ་ནང་ རྒྱལ་ཡོངས་ཀྱི་གྱོན་ཆས་གྱོན་དགོ་པའི་ གྲོས་ཐག་བཅད་མི་ལུ་ མི་མང་ལས་དྲི་བཀོད་འབད་བའི་ གཞི་ལུ་འགྱུར་ཡོདཔ་ད་ དེ་ནང་ཡང་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་དེ་ རྒཔོ་སངས་རྒྱས་ལས་འཕྲོ་ཡོདཔ་ཨིན་པས།
རྒཔོ་གིས་གྲོས་ཐག་དེ་ ས་གནས་གཞུང་གི་བཅའ་ཁྲིམས་དང་འཁྲིལ་ རྒྱལ་ཁབ་ཀྱི་ སྒྲིག་ལམ་རྣམ་གཞག་ཉེན་སྲུང་འབད་ནིའི་དོན་ལུ་ ཐག་བཅད་ཡོདཔ་སྦེ་ བཤད་ཡོདཔ་ད་ མི་རིགས་ཀྱི་དབྱེ་བའི་སྐོར་ལས་ རྩོད་བཤེར་བཙུགས་མི་གིས་ ད་ལྟོ་ཡང་ ཆེ་མཐོ་ཁྲིམས་འདུན་དང་སྤྱི་ཚོགས་ལས་ ལན་གསལ་ག་ནི་ཡང་ མ་འཐོབ་པར་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *