སྤྱི་ལོ་༢༠༡༧ ལུ་ དངུལ་འབྲེལ་གྱི་རྩོད་བཤེར་ མཐོ་ཤོས་ཐོན་ཡོདཔ།

སྤྱི་ལོ་༢༠༡༧ ལུ་ རྫོང་ཁག་དང་ དྲུང་ཁག་ཁྲིམས་འདུན་ཚུ་གིས་ སྤྱི་ལོ་༢༠༡༦ ལོའི་ རྩོད་བཤེར་ཁག་༡,༦༢༦ བརྩིས་ཏེ་ ལོ་དེ་ནང་ རྩོད་བཤེར་བསྡོམས་༧,༧༠༠ ཐོ་བཀོད་འབད་ཡོད་མིའི་ནང་ལས་ དངུལ་འབྲེལ་གྱི་རྩོད་བཤེར་དེ་ མཐོ་ཤོས་ཅིག་ཨིན་པས།

མངོན་མཐོ་ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༡༧ ལོའི་རྩོད་བཤེར་གྱི་ ལོ་བསྟར་སྙན་ཞུ་ གསར་བཏོན་འབད་མི་དང་འཁྲིལཝ་ད་ ལོ་དེ་ནང་ རྩོད་བཤེར་ཁག་༦,༩༥༧ ཐོ་བཀོད་འབད་མི་ལས་༤,༨༩༧ ཞི་བའི་རྩོད་བཤེར་ཡོད་མི་ལས་༢,༩༣༦ དངུལ་འབྲེལ་གྱི་རྩོད་བཤེར་འབད་མི་ ཐོན་ཡོདཔ་ཨིན་པས།

ཁྲིམས་འགལ་གྱི་ལཱ་འབད་མི་༡,༤༠༣ ཐོ་བཀོད་འབད་ས་ལས་ བརྡུང་རྫོབ་དང་འབྲེལ་བའི་ བྱ་ངན་འབད་མི་༤༠༧ ཡོད་མི་དེ་ མཐོ་ཤོས་ཨིན་པས།

མཐོ་གཏུགས་ཀྱི་གྲས་ལས་ སྤྱི་ལོ་༢༠༡༦ ལུ་ མཐོ་གཏུགས་འབད་མི་༥༤ བརྩིས་ཏེ་ སྤྱི་ལོ་༢༠༡༧ ལུ་ རྫོང་ཁག་ཁྲིམས་འདུན་ལས་ འཁྲུན་ཆོད་གནང་མི་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་༣༤༣ ཐོན་མི་དེ་ ཆེ་མཐོ་ཁྲིམས་འདུན་གྱིས་ རྩོད་བཤེར་༢༧༧ ལུ་ འཁྲུན་ཆོད་དང་གྲོས་ཐག་བཅད་ཚུ་ བཅད་ཚར་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ལོ་དེ་ནང་ རྩོད་བཤེར་ཁག་༧༣ གྱིས་ ཆེ་མཐོ་ཁྲིམས་འདུན་ལས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་ལས་ རྩོད་བཤེར་ཁག་༢༡ ལུ་ ཐག་བཅད་ཚར་ཡོདཔ་ད་ དེ་ནང་ སྤྱི་ལོ་༢༠༡༦ ལོའི་ མཐོ་གཏུགས་འབད་མི་རྩོད་བཤེར་ཁག་༢༡ བརྩིས་ཏེ་ཨིན་པས།

རྫོང་ཁག་ཚུ་གི་གྲས་ལས་ ཐིམ་ཕུག་རྫོང་ཁག་ནང་ རྩོད་བཤེར་བསྡོམས་༢,༢༡༧ ཐོ་བཀོད་འབད་ཡོད་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་ཤུལ་ལས་ རྩོད་བཤེར་༡,༤༠༢ ལུ་ འཁྲུན་ཆོད་གནང་ཚར་ཡོདཔ་ད་ དེ་གི་ཤུལ་ལས་ར་ སྤ་རོ་རྫོང་ཁག་ཁྲིམས་འདུན་གྱིས་ རྩོད་བཤེར་༧༠༠ ཐོ་བཀོད་འབད་མི་དེ་ སྤྱི་ལོ་༢༠༡༦ ལོའི་ རྩོད་བཤེར་མཇུག་མ་བསྡུ་མི་༡༥༨ བརྩིས་ཏེ་ཨིན་པས།

དྲུང་ཁག་ཁྲིམས་འདུན་གྱི་གྲས་ལས་ ཕུན་ཚོགས་གླིང་དྲུང་ཁག་གིས་ རྩོད་བཤེར་༦༨༣ འབད་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་ཤུལ་ལས་ དགེ་ལེགས་ཕུག་དྲུང་ཁག་ཁྲིམས་འདུན་གྱིས་ རྩོད་བཤེར་༢༦༢ ཐོ་བཀོད་འབད་ཡོདཔ་ད་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱིས་ རྩོད་བཤེར་༦༩༡ ལུ་ འཁྲུན་ཆོད་གནང་ཡོདཔ་ད་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱིས་ རྩོད་བཤེར་༡༥༤ དང་ དགེ་ལེགས་ཕུག་དྲུང་ཁག་གིས་ རྩོད་བཤེར་༢༤༡ འཁྲུན་ཆོད་གནང་ནུག།

འབྲེལ་བ་ཡོད་མི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ཁྲིམས་འདུན་ཚུ་ནང་ ཐོ་བཀོད་མང་ཤོས་འབད་མི་དེ་ ཁྲོམ་སྡེ་དེ་ནང་ མི་རློབས་མང་སུ་ཡོད་ནི་དེ་གིས་ ཨིནམ་འོང་ཟེར་བཤད་ཅི།

དབང་འདུས་ཕོ་བྲང་རྫོང་ཁག་ནང་ རྩོད་བཤེར་ཐོ་བཀོད་འབད་མི་༤༥༤ ཡོད་མི་དེ་ སྤྱི་ལོ་༢༠༡༦ ལུ་ རྩོད་བཤེར་༤༥ འཕྲོ་མཐུད་ རྩོད་བཤེར་འབད་མི་དེ་ བརྩིས་ཏེ་ཨིནམ་ད་ ཐོ་བཀོད་འབད་མི་ལས་ རྩོད་བཤེར་༣༧༢ ལུ་ འཁྲུན་ཆོད་གནང་ཚར་ནུག།

མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་༧༣ ལས་ བསྐྱར་ཞིབ་འབདཝ་ད་ རྩོད་བཤེར་༤༥ ཕྱིར་འབུད་འབད་ཡོདཔ་ད་ གཞན་རྩོད་བཤེར་ཁག་བརྒྱད་དེ་ མཐོ་གཏུགས་པ་ཚུ་གིས་ ཕྱིར་བཏོན་འབད་ནུག།

མངོན་མཐོ་ཁྲིམས་འདུན་གྱིས་ རྩོད་བཤེར་༢༤ ལུ་ འཁྲུན་ཆོད་གནང་པའི་སྐབས་ རྩོད་བཤེར་༨ ལུ་ ཐོག་མའི་ཁྲིམས་འདུན་ཚུ་ལས་གནང་མི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་འབད་དེ་ གནང་ཡོདཔ་ད་ གཞན་༡༣ ལུ་ ཆ་ཤས་ཅིག་བསྒྱུར་བཅོས་འབད་ཡོདཔ་ད་ རྩོད་བཤེར་༣ དེ་ ཐོག་མའི་འཁྲུན་ཆོད་ལུ་ གཞི་འཛིན་འབད་ཡོདཔ་ད་ རྩོད་བཤེར་༡༧ ད་ལྟོ་ཡང་ འཁྲུན་ཆོད་བཏོན་མ་ཚུགས་པར་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *