སྤྱི་ལོ་༢༠༡༧ ལུ་ ངན་ལྷད་དང་འབྲེལ་བའི་ ཉོགས་བཤད་༣༠༥ ལས་༨༡ ས་གནས་གཞུང་གི་སྐོར་ཨིནམ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ངན་ལྷད་དང་འབྲེལ་བའི་ ཉོགས་བཤད་ལྷོད་མི་ལུ་ བལྟ་བ་ཅིན་ ཡིག་ཚང་དང་ ལས་བྱེདཔ་མང་ཤོས་ར་ ཐིམ་ཕུག་ལུ་ཡོདཔ་ལས་ ཉོགས་བཤད་ཡང་ མང་སུ་རྒྱལ་ས་ལྟེ་བ་ལས་ ལྷོདཔ་ཨིན་པས།
དེ་ཡང་ ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ སྤྱི་ལོ་༢༠༡༧ ཅན་མ་དང་འཁྲིལཝ་ད་ ལོ་དེ་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཚུ་ གིས་ ཉོགས་བཤད་༣༠༥ ཐོབ་ཡོད་མི་ལས་༡༠༠ དེ་ཅིག་ ཐིམ་ཕུག་ལས་ ལྷོད་ཡོདཔ་ད་ དེ་གི་འོག་ལས་ ཆུ་ཁ་རྫོང་ཁག་ནང་ ཉོགས་བཤད་༢༨ ཨིན་མི་དེ་ སྤྱི་ལོ་༢༠༡༦ དང་༢༠༡༥ ལས་ འགྱུར་ལྡོག་མེད་པར་ གནས་ཏེ་འདུག།
ལྷན་ཚོགས་ལུ་ སྤ་རོ་དང་ སྤུ་ན་ཁ་རྫོང་ཁག་ལས་ ཉོགས་བཤད་༢༡ རེ་ ལྷོད་ཡོདཔ་ད་ རྩི་རང་རྫོང་ཁག་ལས་ ཉོགས་བཤད་༢ ལས་བརྒལ་ མ་ལྷོད་མི་དེ་ ཉུང་ཤོས་ཅིག་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ གསར་སྤང་རྫོང་ཁག་གི་ཐད་ལུ་ ཉོགས་བཤད་དེ་ ལོ་ཧེ་མའི་ནང་༢༩ ཨིན་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༧ ལུ་ ཉོགས་བཤད་༦ ལུ་ མར་བབས་སོང་ནུག།
འདས་པའི་ལོ་ནང་ ལྷན་ཚོགས་ཀྱིས་ ཉོགས་བཤད་༣༠༥ ཐོབ་མི་དེ་ སྤྱི་སྙོམས་ལུ་ ཟླཝ་རེ་ནང་༢༥ རེའི་རྩིས་ཨིནམ་ད་ དེ་ཚུ་ ཉོགས་བཤད་བཀོད་སའི་བརྒྱུད་ལམ་ ཁག་༥ བཟོ་སྟེ་ཡོད་མི་ཚུ་ལས་བརྒྱུད་དེ་ ཐོབ་ཡོདཔ་བཞིན་དུ་ རྐང་བཙུགས་འོང་སྟེ་ ཉོགས་བཤད་བཀོད་མི་དེ་ འདས་པའི་ལོ་ནང་ ཡར་སེང་སོང་ནུག།
སྤུས་ཚད་ཀྱི་ཐད་ལས་འབད་རུང་ བརྒྱུད་ལམ་གཞན་གྱི་ཐོག་ལས་ ཉོགས་བཤད་ཐོབ་མི་དང་ཕྱདཔ་ད་ རྐང་བཙུགས་འོང་སྟེ་བཀོད་མི་ ཉོགས་བཤད་ཚུ་ སྤུས་ཚད་ལེགས་ཤོམ་ཡོད་པའི་ཁར་ ཞིབ་དཔྱད་ཀྱི་ ཁྱད་ཚད་ལྡན་པའི་ ཉོགས་བཤད་བརྒྱ་ཆ་༤༦.༢ རྐང་བཙུགས་འོང་སྟེ་ བཀོད་མི་ཚུ་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༦ ལུ་ ཉོགས་བཤད་༣༤༢ ཐོ་བཀོད་འབད་མི་དང་ཕྱདཔ་ད་ བརྒྱ་ཆ་༡༣.༣ མར་བབས་སོང་ཡོདཔ་དུ་ ཉོགས་བཤད་བརྒྱ་ཆ་༥༧.༤ དེ་ མིང་མེད་དང་ བརྒྱ་ཆ་༤༢.༦ ངོས་འཛིན་ཅན་ཐོག་ལས་ བཀོད་མི་ཚུ་ཨིན་པས།
ཁ་ཉེས་ཅན་གྱི་ ངན་ལྷད་གནོད་འགེལ་དེ་ མང་ཤོས་ར་ ལཱ་འགན་ལོག་སྤྱོད་སྐོར་ལས་ ཉོགས་བཤད་ཡོངས་བསྡོམས་༡༥༥ ལྷོད་ཡོད་པའི་ཁར་ ཉོགས་བཤད་༩༥ དེ་ ངན་ལྷད་ཀྱི་ གནོད་འགེལ་དང་ འབྲེལ་བ་མེད་མི་ཚུ་ཨིན་པས།
ཉོགས་བཤད་ཐོབ་མི་ ཡོངས་བསྡོམས་ལས་༣༠ འབདཝ་ད་ བརྒྱ་ཆ་ལས་བཅད་པ་ཅིན་ བརྒྱ་ཆ་༩.༨ དེ་ ལྐོག་ཟའི་ཁ་ཉེས་ཨིནམ་ད་ དབྱེ་ཁག་གཞན་ཚུ་ནང་ ཉོགས་བཤད་བཀོད་མི་ ཉུང་སུ་ཅིག་ལས་བརྒལ་ མེདཔ་ཨིན་པས།
འདས་པའི་ལོ་བཟུམ་སྦེ་ ས་གནས་གཞུང་ལུ་ ཁ་ཉེས་བཀལ་མི་དེ་ འཕྲོ་མཐུད་དེ་ར་ མཐོ་ཤོས་ཨིནམ་ད་ ལོ་དེ་ནང་ ཉོགས་བཤད་༨༡ ལྷོད་མི་དེ་ ཉོགས་བཤད་ཐོབ་པའི་ ཡོངས་བསྡོམས་ལས་ བརྒྱ་ཆ་༢༦.༦ ཨིན་པས།
ཉོགས་བཤད་ཀྱི་ རྒྱུ་རྐྱེན་ཚུ་ཡང་ ས་གནས་གཞུང་ལུ་ འགན་ཁུར་དང་ ཐོན་སྐྱེད་ཀྱི་ དབང་ཆ་མང་སུ་སྦེ་ ཕྱིར་སྤེལ་གནང་མི་དང་བསྟུན་པའི་ དགག་བཤེར་དང་ ཚད་སྙོམས་ དེ་ལས་ འགན་འཁྲིའི་ཐབས་རིག་ཚུ་མེད་པའི་ སྐྱོན་ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༦ ལུ་ བརྒྱ་ཆ་༣༣.༨ དང་ སྤྱི་ལོ་༢༠༡༥ ལུ་ བརྒྱ་ཆ་༢༧.༧ ཡོདཔ་ལས་ ད་རེས་ མར་བབས་སོང་ནུག།
ཨིན་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ སྲིད་དོན་ཚོགས་པ་དང་ ཕྱི་འབྲེལ་ལྷན་ཁག་ལུ་ ཉོགས་བཤད་ཐོ་བཀོད་འབད་མི་ མ་ཐོན་པས།
ཉོགས་བཤད་༣༠༣ གྱི་གྲས་ལས་ བརྒྱ་ཆ་༡༢.༩ ཐོག་ལུ་ ཉོགས་བཤད་༣༩ ཞིབ་དཔྱད་ཀྱི་དོན་ལུ་ ཁྱདཚད་ལྡན་ཡོདཔ་ད་ བརྒྱ་ཆ་༤༧.༢ བདག་སྐྱོང་གི་ དང་ལེན་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ ཉོགས་བཤད་༡༠༥ གི་གྲངས་སུ་ ཞི་གཡོག་གི་ མཐོ་གཏུགས་དབང་འཛིན་མཐོ་ཤོས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ འོས་འབབ་ལྡན་པའི་ དང་ལེན་གྱི་དོན་ལུ་ བརྗེ་སོར་འབད་ཡོདཔ་མི་དེ་ ཉོགས་བཤད་༢༤ ཚུད་དེ་ཡོདཔ་ད་ ཉོགས་བཤད་༣ གོ་བ་བརྡ་སྤྲོད་ཀྱི་དོན་ལས་ བརྗེ་སོར་འབད་ནུག།
དང་ལེན་གྲུབ་པའི་ སྙན་ཞུ་ཚུ་ བསྐྱར་ཞིབ་དང་འཁྲིལ་ཏེ་ ཉོགས་བཤད་༢༦ མཇུག་བསྡུ་ཡོདཔ་ད་ ཉོགས་བཤད་༡ ཞིབ་དཔྱད་ཀྱི་དོན་ལུ་ སྤྲོད་ཡོདཔ་བཞིན་དུ་ ཉོགས་བཤད་༤ དང་ལེན་ཁ་སྐོང་གི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ ཕྱིར་གཏུགས་འབད་དེ་འདུག་ཟེར་ཨིན་པས།
བསགས་ལུས་ཉོགས་བཤད།
སྤྱི་ལོ་༢༠༡༥ དང་༢༠༡༦ གི་ ལོ་བསྟར་སྙན་ཞུ་ཚུ་ནང་ ལྷན་ཚོགས་ཀྱི་ མ་འོངས་པའི་གཙོ་རིམ་༡ སྤྱི་ལོ་༢༠༢༠ ཟླ་༦ པའི་ནང་འཁོད་ལུ་ ཞིབ་དཔྱད་ཀྱི་དོན་ལུ་ ཁྱད་ཚད་ལྡན་པའི་ བསགས་ལུས་ཉོགས་བཤད་ཚུ་ བརྒྱ་ཆ་༤༠ ལུ་ མར་ཕབ་འབད་ནི་ཟེར་ཨིན་པས།
ཕྱིར་སེལ་ཚོགས་ཆུང་གི་ གྲོས་འདེབས་ཚུ་ལུ་ ལྷན་ཚོགས་ཀྱི་ ཞལ་འཛོམས་རིམ་ཐེངས་ནང་ བསྐྱར་ཞིབ་འབད་བའི་སྐབས་ ཁྱད་ཚད་ལྡན་པའི་ བསགས་ལུས་ཉོགས་བཤད་ཀྱི་ གྱངས་ཁ་༥༤ ལུ་ མར་ཕབ་འབད་ཡོད་མི་དེ་ཡང་ ཉོགས་བཤད་༤༡ སྤྱི་ལོ་༢༠༠༦-༢༠༡༥ འི་བར་ན་གི་ཨིནམ་ད་ ཉོགས་བཤད་༡༣ དེ་ སྤྱི་ལོ་༢༠༡༦ དང་ ཉོགས་བཤད་༡༤ དེ་ སྤྱི་ལོ་༢༠༡༧ གྱི་ཨིན་པས།
སྤྱི་ལོ་༢༠༡༧ ཟླ་༡༢ པའི་ཚེས་༣༡ ཚུན་ རྩོད་རྙོགས་རྙིངམ་༥ དང་གསརཔ་༡༤ བརྩིས་ཏེ་ རྩོད་རྙོགས་༡༩ གནས་རིམ་སོ་སོའི་ནང་ ལག་ལེན་འཐབ་བཞིན་ཡོདཔ་ད་ རྩོད་རྙོགས་༧ ལུ་ ངན་ལྷད་འཐབ་པའི་ སྒྲུབ་བྱེད་མེདཔ་མ་ཚད་ བདག་སྐྱོང་གི་ སྐྱོན་ཡང་མེདཔ་ལས་ མཇུག་བསྡུ་ཡོདཔ་ད་ ལས་བྱེདཔ་གསར་བཙུགས་ནང་ ཚུལ་མིན་གྱི་ བྱ་བ་དང་འབྲེལ་བའི་ རྩོད་རྙོགས་༨ བདག་སྐྱོང་གི་ དང་ལེན་གྱི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ ཕྱིར་གཏུགས་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ རྩོད་རྙོགས་༡༥ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོད་པའི་གྲས་ལས་ རྩོད་རྙོགས་༡༡ གཡོ་སྒྱུ་དང་ ལྐོག་ཟ་ཨིནམ་ད་ ཉོགས་བཤད་གཞན་ཚུ་ ཁེ་ཕན་ལྟག་སྤྲོད་དང་ ལཱ་འགན་ལོག་སྤྱོད་ དེ་ལས་ གནོད་འགེལ་གཞན་ཚུ་ཨིན་པས།
ཞིབ་དཔྱད་འབད་ཡོད་པའི་ ལྐོག་ཟའི་རྩོད་རྙོགས་ མང་ཤོས་ར་ དངུལ་ཁང་དང་ ལས་འཛིན་ཚུ་ནང་ལས་ ཕྱིར་གཏུགས་འབད་མི་ ཁ་ཉེས་ཚུ་གི་སྐོར་ལས་ཨིནམ་ད་ དེ་ཚུ་གི་གྲས་ལས་ ལ་ལོ་ཅིག་ གཙུག་སྡེ་གཅིག་ནང་ར་ ཞིབ་དཔྱད་ཐེངས་༡ ལྷག་སྟེ་ འབད་དགོཔ་བྱུང་ཡོདཔ་བཞིན་དུ་ ཞིབ་དཔྱད་ནང་ལས་ མི་གྲངས་༧༨ ལུ་ ཉེས་བཤེར་འབད་དགོ་པའི་ གྲོས་འདེབས་ཕུལ་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསྐྱར་ཞིབ་མཐིལ་ཕྱིན་འབད་བའི་སྐབས་ བསྒྱུར་བཅོས་སོང་ནུག་ཟེར་ ལོ་བསྟར་སྙན་ཞུ་ནང་བཀོད་ནུག།
སྤྱི་ལོ་༢༠༡༧ ལུ་ ཁྲིམས་འདུན་ཁག་སོ་སའི་ནང་ རྩོད་རྙོགས་༡༢ ལུ་ འཁྲུན་ཆོད་གནང་མིའི་ནང་ ངན་ལྷད་དང་ ཁྲིམས་འགེལ་གྱི་ གནོད་འགེལ་གཞན་གྱི་དོན་ལུ་ ཉེས་འཛུགས་བཀོད་དེ་ཡོད་མི་ རྩོད་ཟླ་༦༢ ཚུད་ཡོད་ཟེར་ཨིན་པས།
མི་གྲངས་༤༦ ལུ་ བཙོན་ཁྲིམས་ཟླ་ངོ་༡ ལས་༡༥ འི་བར་ན་ ཕོག་ཡོདཔ་ད་ མི་ངོ་༧ ཉེས་གྲོལ་བཏང་ཡོད་པའི་ཁར་ མི་༩ གི་ འཁྲུན་ཆོད་ཕར་འགྱངས་འབད་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ བཙོན་ཁྲིམས་བཀལ་ཡོད་པའི་ཚད་དེ་ བརྒྱ་ཆ་༨༦.༧ ཨིནམ་ད་ ཁྲིམས་ཀྱི་འདུན་ས་ལས་ དངུལ་ཀྲམ་ས་ཡ་༤༢.༨༨༦ སོར་ཆུད་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *