སྤྱི་ལོ་༢༠༡༧ ལུ་ ཁྲིམས་འགེལ་བྱ་ངན་འབད་མི་ བརྒྱ་ཆ་༩༥ ཡར་སེང་སོང་།

༉ རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཉེས་འགེལ་གནས་སྡུད་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༣ ལུ་ ཁྲིམས་སྲུང་འགག་སྡེ་གིས་ ཁྲིམས་འགེལ་ཐོག་ལས་ བྱ་ངན་འབད་མི་༢,༩༢༦ ཐོ་བཀོད་འབད་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༧ ལུ་ བྱ་ངན་འབད་མི་༤,༠༨༡  ཡར་སེང་སོང་ཡོདཔ་ཨིན་པས།

ཡར་སེང་དེ་ཡང་ བརྒྱ་ཆ་ལས་བཅད་པ་ཅིན་ བརྒྱ་ཆ་༤༠ གི་རྩིས་ ཡར་སེང་སོང་ཡོདཔ་ད་ བྱ་ངན་འབད་མིའི་གནས་ཚད་དེ་ སྤྱི་ལོ་༢༠༡༦ དང་ཕྱདཔ་ད་ སྤྱི་ལོ་༢༠༡༧ ལུ་ བརྒྱ་ཆ་༩༧ གྱིས་ ཡར་སེང་སོང་ཡོདཔ་ཨིན་པས།

བྱ་ངན་ཐོ་བཀོད་དེ་ཡང་ ཐིམ་ཕུག་ལུ་བརྒྱ་ཆ་༡༦༡ ཡར་སེང་སོང་ཡོད་མི་དེ་ སྤྱི་ལོ་༢༠༡༦ ལུ་༩༢༡ དང་ སྤྱི་ལོ་༢༠༡༧ ལུ་༢༤༠༩ ཡར་སེང་སོང་ཡོདཔ་ཨིན་པས།

གནས་སྡུད་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ ལུ་ བྱ་ངན་འབད་མིའི་ནང་ལས་ བརྒྱ་ཆ་༤༡ ཐིམ་ཕུག་རྐྱངམ་གཅིག་ལུ་ ཐོ་བཀོད་འབད་ནུག་ཟེར་ཨིནམ་ད་ བྱ་ངན་འབད་མི་༡,༨༦༣ ཐོ་བཀོད་འབད་མི་ལས་ ན་ཧིང་གི་ལོ་ནང་ རྒྱུ་དངོས་དང་འབྲེལ་བའི་གནད་དོན་དེ་ མཐོ་ཤོས་ཐོན་ཡོདཔ་ཨིན་པས།

ན་ཧིང་གི་ལོ་ནང་ ཨར་རྐུན་དང་ མཚོན་ཆ་ལག་ལེན་འཐབ་སྟེ་ ཆོམ་རྐུན་འབད་མི་ དེ་ལས་ དེ་དང་འབྲེལ་བའི་བྱ་ངན་འབད་མི་༡,༣༧༩ ཐོ་བཀོད་ འབད་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༣ ལུ་ བྱ་ངན་འབད་མི་༡,༣༣༡ ཐོ་བཀོད་འབད་མི་དེ་ སྤྱི་ལོ་༢༠༡༤ ལུ་༨༣༧ ལུ་མར་བབས་སོང་ཡོད་རུང་ སྤྱི་ལོ་༢༠༡༥ ལུ་༨༤༥ ཐོན་མི་དེ་ སྤྱི་ལོ་༢༠༡༦ ལུ་༨༨༨ ལུ་ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ ད་རུང་ ཡར་སེང་སོང་ཡོདཔ་ཨིན་པས།

སྙན་ཞུ་དང་འཁྲིལཝ་ད་༡,༡༤༣ གྱིས་ མི་དང་འབྲེལ་བའི་ བྱ་ངན་ཐོག་ལས་ ཐོ་བཀོད་འབད་མི་ཐོན་ཡོདཔ་ད་ མི་ངོམ་༡,༠༣༢ ཀྱིས་ བརྡུང་རྫོབ་དང་འབྲེལ་བའི་ བྱ་ངན་འབད་མི་ཐོན་ཡོད་པའི་ཁར་ ད་རུང་༢༠ གིས་ དམར་བསད་ཀྱི་གནད་དོན་ནང་ གྲལ་གཏོགས་འབད་ཡོདཔ་ད་༢ ཀྱིས་ བཙན་ཁྲིད་ཀྱི་གནད་དོན་ནང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།

དེ་ལས་༧༧ གྱིས་ ལུས་འབྲེལ་དང་འབྲེལ་བའི་བྱ་ངན་དང་༡༢ ཀྱིས་ ན་ཆུང་དང་དབང་པོ་སྐྱོན་ཅན་ དེ་ལས་ ཨ་ལོ་དང་འབྲེལ་བའི་བྱ་ངན་ནང་ བྱ་ངན་འབད་མི་ཐོན་ཡོདཔ་ཨིན་པས།

དེ་མ་ཚད་ ལོ་དེ་ནང་ མི་༦༩ གིས་ ཚོང་འབྲེལ་དང་འབྲེལ་བའི་བྱ་ངན་དང་མགུ་སྐོར་ དེ་ལས་ ངན་ལྷད་འབད་མི་ཐོན་ཡོདཔ་ད་ རྒྱལ་ཁམས་དང་འབྲེལ་བའི་ བྱ་ངན་འབད་མི་༣༤༣ ལས་༡༤༨ ལམ་སྲོལ་དང་རྒྱལ་ཡོངས་ཀྱི་རྒྱུ་དངོས་འགངས་ཅན་དང་འབྲེལ་བའི་ བྱ་ངན་འབད་མི་ཐོན་ཡོདཔ་ད་༦༣ གྱིས་ མི་དམངས་དང་ཞི་བདེ་དང་འབྲེལ་བའི་ བྱ་ངན་ནང་ནང་ ཁྲིམས་འགེལ་འབད་མི་ ཐོན་ཡོདཔ་ཨིན་པས།

མི་ངོམ་༥༥༥ གིས་ བཀག་དམ་ཅན་གྱི་ སྨྱོ་རྫས་དང་འབྲེལ་བའི་གནད་དོན་ཐོག་ལུ་ འཛིན་བཟུང་འབད་ཡོད་མི་དེ་་ སྤྱི་ལོ་༢༠༡༦ དང་ཕྱདཔ་ད་ བརྒྱ་ཆ་༧༥ ཡར་སེང་སོང་ཡོདཔ་ཨིན་པས།

དེ་ལས་ སྨྱོ་རྫས་སྤྱོད་མི་ལུ་བརྟེན་ མི་ངོམ་༢༤༥ འཛིན་བཟུང་འབད་ཡོདཔ་ད་ སྨྱོ་རྫས་དང་འབྲེལ་བའི་རིགས་ཚུ་ ནག་ཚོང་འཐབ་མི་ལུ་བརྟེན་ མི་ངོམ་༢༠༠ འཛིན་བཟུང་འབད་བའི་ཁར་ གཞན་མི་༥༨ སྨྱོ་རྫས་དང་འབྲེལ་བའི་རིགས་ འཆང་སྤྱོད་འབད་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ད་ མི་ངོམ་༤༡ གིས་ ཀེ་ཧང་དང་འབྲེལ་བའི་རིགས་བཟོ་མི་དང་ མི་ངོམ་༡༡ ལུ་ སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ཀྱི་རིགས་ འཆང་མི་ལུ་བརྟེན་ འཛིན་བཟུང་འབད་ནུག།

ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལཝ་ད་ འདས་པའི་ལོ་ལྔའི་ནང་འཁོད་ལུ་ སྐྱེས་ལོ་༢༥ འོག་རྒྱུ་འབད་མི་ ན་གཞོན་༤,༩༤༢ ཀྱིས་ སྨྱོ་རྫས་དང་འབྲེལ་བའི་རིགས་དང་ སྨྱོ་ཆང་ལོངས་སྤྱོད་འབད་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པས།

ཨིན་རུང་ གནས་སྡུད་དེ་ སྤྱི་ལོ་༢༠༡༧ ལོའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ འཕྲལ་ཁམས་ཅིག་ཁར་ ལོ་ལྔའི་འཆར་གཞི་༡༡ པའི་ སྙན་ཞུ་ཡོངས་རྫོགས་གསལ་སྟོན་འབད་མིའི་ནང་ སྤྱི་ལོ་༢༠༡༣ ལུ་ ན་གཞོན་དང་འབྲེལ་བའི་ བྱ་ངན་འབད་མི་༣༧༡ ཐོན་མི་དེ་ སྤྱི་ལོ་༢༠༡༧ ལུ་༨༡ ལུ་ མར་བབས་སོང་ཡོདཔ་སྦེ་ གསལ་སྟོན་འབད་མི་དང་ མི་མཐུན་པས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ སྙན་ཞུ་དེ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འདས་པའི་ཟླཝ་ནང་ རྒྱལ་ཡོངས་ཚོགས་འདུ་ཚོགས་ཁང་ནང་ སྙན་ཞུ་འབད་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེ་དང་གཅིག་ཁར་ཡོད་མི་ སྙན་ཞུ་དང་འཁྲིལཝ་ད་ ན་གཞོན་ལོ་ན་མ་སྨིན་མི་ཚུ་ ཁྲིམས་དང་འབྲེལ་བ་འབད་དགོཔ་ ཐོན་མིའི་གྱངས་ཁ་དེ་ཡང་ འདས་པའི་ལོ་ལྔའི་ནང་ ལོག་ལྟབ་ཀྱིས་ ཡར་སེང་སོང་ཡོདཔ་ད་ སྙན་ཞུ་ནང་ སྤྱི་ལོ་༢༠༡༣ ལུ་ ན་གཞོན་༧༥༤ གིས་ ཁྲིམས་འགལ་ཐོག་ལས་ བྱ་ངན་འབད་མི་ལུ་བརྟེན་ འཛིན་བཟུང་འབད་ཡོད་པའི་ཁར་ སྤྱི་ལོ་༢༠༡༧ ལུ་ གྱངས་ཁ་དེ་༡,༥༦༣ ལུ་ ཡར་སེང་སོང་ཡོདཔ་སྦེ་ བཀོད་དེ་འདུག།

ལྷན་ཚོགས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ ན་གཞོན་སྨྱོ་རྫས་དང་འབྲེལ་བའི་རིགས་ སྤྱོད་མི་ལུ་བརྟེན་ འཛིན་བཟུང་འབད་མི་དེ་ སྤྱི་ལོ་༢༠༡༣ ལུ་༣༣༤ ལས་ སྤྱི་ལོ་༢༠༡༧ ལུ་༩༧༢ ལུ་ ཡར་སེང་སོང་ཡོད་རུང་ ཁྲིམས་སྲུང་འགག་སྡེའི་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༣ ལུ་ སྨྱོ་རྫས་དང་ཆ་དང་འབྲེལ་བའི་ གནད་དོན་ཐོག་ལུ་ ན་གཞོན་༤༤༣ འཛིན་བཟུང་འབད་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་༨༩༧ འཛིན་བཟུང་འབད་ཡོདཔ་སྦེ་ བཀོད་ཡོདཔ་ད་ བསྡོམས་ཀྱིས་ ན་གཞོན་སྨྱོ་རྫས་དང་ཆང་ལུ་བརྟེན་ འཛིན་བཟུང་འབད་མི་དེ་༢,༧༩༢ ཨིནམ་སྦེ་ བཀོད་དེ་འདུག།

སྙན་ཞུ་ནང་ བྱ་ངན་གཞན་ཟེར་ བཀོད་ཡོད་མི་དེ་ ག་ཅི་ཨིན་ན་ ཁ་གསལ་སྦེ་ བཀོད་དེ་མེད་རུང་ ན་གཞོན་ཚུ་ ཨར་རྐུན་དང་འཐབ་འཛིང་དང་འབྲེལ་བའི་ གནད་དོན་ཚུ་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ སྙན་ཞུ་ནང་ སྤྱི་ལོ་༢༠༡༠ ལུ་ གཞན་གྱིས་ དབང་བཙོང་འབད་མི་བརྒྱ་ཆ་༣.༥ ལས་ སྤྱི་ལོ་༢༠༡༥ ལུ་ བརྒྱ་ཆ་༧.༥ ལུ་ ཡར་སེང་འགྱོ་ཡོདཔ་ཨིན་པས།

དེ་མ་ཚད་ གྲོང་གསེབ་ནང་སྡོད་མི་ཚུ་ལུ་ བྱ་ངན་ལུ་བརྟེན་ ཉམས་རྒུད་བྱུང་མིའི་བརྒྱ་ཆ་དེ་ཡང་ སྤྱི་ལོ་༢༠༡༠ ལུ་ བརྒྱ་ཆ་༣.༣ ཡོད་མི་དེ་ སྤྱི་ལོ་༢༠༡༥ ལུ་ བརྒྱ་ཆ་༦.༥༤ ལུ་ ཡར་སེང་སོང་ཡོདཔ་ད་ ཁྲོམ་སྡེ་ནང་སྡོད་མི་ཚུ་ལུ་འབད་བ་ཅིན་ བརྒྱ་ཆ་༤.༢ ཡོད་མི་ལས་ བརྒྱ་ཆ་༡༠.༦ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེ་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་༢ ཆ་རའི་ སྙན་ཞུ་ནང་ བྱ་ངན་ལ་ལོ་ཅིག་ སྙན་ཞུ་ནང་ མ་ཚུད་པར་འདུག་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *