སྤྱི་ལོ་༢༠༡༤ ལས་༢༠༡༨ ཀྱི་བར་ན་ བྱ་ཤ་མ་གཏོགས་ ཤ་རིགས་གཞན་ཚུ་གི་ ནང་འདྲེན་མར་བབས།

༉ སྤྱི་ལོ་༢༠༡༤ ལས་༢༠༡༨ ཀྱི་བར་ན་ བྱ་ཤ་མ་གཏོགས་ ཤའི་རིགས་གཞན་ ནང་འདྲེན་འབད་མི་ཚུ་ མར་བབས་སོང་ཡོདཔ་ཨིན་པས།

དེ་ཡང་ ནོར་ཤ་འབད་བ་ཅིན་ སྤྱི་ལོ་༢༠༡༤ ལུ་ མེ་ཊིག་ཊཱོན་༣༧༤༣.༣༦ ལས་ སྤྱི་ལོ་༢༠༡༨ ལུ་ མེ་ཊིག་ཊཱོན་༣༡༩༤.༠༧ ལུ་ མར་བབས་སོང་ཡོདཔ་ད་ ཕག་ཤ་ཡང་ མེ་ཊིག་ཊཱོན་༢༡༦༣.༨༥ ལས་མེ་ཊིག་ཊཱོན་༡༥༧༥.༡༡ ལུ་ མར་བབས་སོང་ཡོདཔ་བཞིན་དུ་ ཉ་དང་ ཉ་སྐམ་ནང་འདྲེན་དེ་ཡང་ མར་བབས་སོང་ཡོདཔ་ཨིན་པས།

ཨིན་རུང་ བྱ་ཤ་དེ་ སྤྱི་ལོ་༢༠༡༤ ལུ་ མེ་ཊིག་ཊཱོན་༡༣༠༢.༢༥ ནང་འདྲེན་འབད་མི་ལས་ སྤྱི་ལོ་༢༠༡༨ ལུ་༡༥༧༥.༡༡ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།

སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ གསལ་སྟོན་འབད་མི་ གནས་སྡུད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༤ ལས་༢༠༡༨ བར་ན་ སྒོང་རྡོག་འབུད་མི་བྱམོ་༤༤,༢༣༣༩ ལས་༧༡,༤༢༦༧ ལུ་ ཡར་སེང་སོང་མི་དེ་ འདས་པའི་ལོ་ལྔའི་ནང་འཁོད་ལུ་ བརྒྱ་ཆ་༦༡.༤༧ གྱིས་ ཡར་སེང་སོང་བའི་ རྟགས་མཚན་ཨིན་པས།

ལོ་ལས་བཅད་པ་ཅིན་ སྒོ་རྡོག་འབུད་མི་ཉུང་ཤོས་ར་ སྤྱི་ལོ་༢༠༡༤ ལུ་ སྟོང་ཕྲག་༤༤༢ ཨིནམ་ད་ མཐོ་ཤོས་སྤྱི་ལོ་༢༠༡༨ ལུ་སྟོང་ཕྲག་༧༡༤ འབུད་ཡོདཔ་ཨིན་པས།

སྒོང་རྡོག་གི་ ཐོན་སྐྱེད་ལས་བཅད་པ་ཅིན་ སྤྱི་ལོ་༢༠༡༤ ལུ་ སྒོང་རྡོག་ས་ཡ་༥༨.༧༠ འབུད་མི་ལས་སྤྱི་ལོ་༢༠༡༨ ལུ་ ས་ཡ་༡༢༠.༨༨ ལུ་ ཡར་སེང་སོང་མི་དེ་ བརྒྱ་ཆ་ལས་བརྒྱ་སྦེ་ ཡར་སེང་སོང་ཡོདཔ་ཨིན་པས།

ནང་འཁོད་དང་ ཕྱི་ཁའི་བྱམོ་གི་བར་ན་བལྟ་བ་ཅིན་ ནང་འཁོད་བྱམོ་གིས་ འབུད་མི་དེ་ སྤྱི་ལོ་༢༠༡༦ ལུ་ ཉུང་ཤོས་འབུད་ཡོདཔ་ད་ ཕྱིའི་བྱམོ་ནང་འདྲེན་འབད་མི་གིས་ སྤྱི་ལོ་༢༠༡༤ ལུ་ སྒོང་རྡོག་༣༥༠,༨༧༥ འབུད་མི་ལས་ སྤྱི་ལོ་༢༠༡༨ ལུ་༦༢༢,༢༥༡ ལུ་ ཡར་སེང་སོང་མི་དེ་ བརྒྱ་ཆ་༧༧.༣༤ ཡར་སེང་སོང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ལོ་བསྟར་སྒོ་ནོར་གནས་སྡུད་དང་འཁྲིལཝ་ སྤྱི་ལོ་༢༠༡༤ ལས་༢༠༡༨ ཀྱི་བར་ན་ ནང་འཁོད་ཀྱི་ ཤའི་ཐོན་སྐྱེད་ཀྱི་གྲས་ལས་ བྱ་ཤ་དེ་ སྤྱི་ལོ་༢༠༡༤ ལུ་ མེ་ཊིག་ཊཱོན་༩༤༣.༣༩ ལས་ སྤྱི་ལོ་༢༠༡༨ ལུ་ མེ་ཊིག་ཊཱོན་༡༦༨༧.༠༩ ལུ་ ལྷོད་མི་དེ་ བརྒྱ་ཆ་༧༨.༧༥ གིས་ ཡར་སེང་སོང་ཡོདཔ་ཨིན་པས།

ཕག་ཤ་འབད་བ་ཅིན་ མེ་ཊིག་ཊཱོན་༣༨༨.༣ ལས་༩༦༣.༦༦ ལུ་ ཡར་སེང་འབད་མི་དེ་ བརྒྱ་ཆ་ལས་༡༠༠ ལྷགཔ་ཅིག་ ཡར་སེང་སོང་ཡོདཔ་ཨིན་རུང་ ནོར་ཤ་དེ་ སྤྱི་ལོ་༢༠༡༤ ལོ་ལུ་ མེ་ཊིག་ཊཱོན་༦༣༩.༢༩ ལས་མེ་ཊིག་ཊཱོན་༤༡༠.༧༤ ལུ་ མར་བབས་སོང་ཡོད་མི་དེ་ བརྒྱ་ཆ་༣༥.༧༥ དེ་ཅིག་ཨིན་པས།

ཉ་ཤ་འབད་བ་ཅིན་ ལོ་དེ་གི་བར་ན་ བརྒྱ་ཆ་༦༨.༦༩ ཡར་སེང་སོང་ཡོདཔ་ད་ ར་ཤ་དེ་ཡང་ ལོ་ལྔའི་ནང་འཁོད་ལུ་ བརྒྱ་ཆ་༦༨.༦༩ ཡར་སེང་སོང་ཡོདཔ་ཨིན་པས།

གཡག་ཤ་ཡང་ སྤྱི་ལོ་༢༠༡༤ ལུ་ མེ་ཊིག་ཊཱོན་༡༡༥ ཐོན་སྐྱེད་མི་ལས་ སྤྱི་ལོ་༢༠༡༨ ལུ་ མེ་ཊིག་ཊཱོན་༡༩༡ ལུ་ ཡར་སེང་སོང་མི་དེ་ བརྒྱ་ཆ་༣༩.༦༩ ཨིནམ་ད་ གཡག་ཤ་ཉུང་ཤོས་ར་ སྤྱི་ལོ་༢༠༡༦ ལུ་ མེ་ཊིག་ཊཱོན་༨༣ འབད་མི་དེ་ཨིན་པས།

གནས་སྡུད་ཚུ་ཡང་ སྒོ་ནོར་ལས་ཁུངས་དང་སོ་ནམ་དང་ནགས་ཚལ་ལྷན་ཁག་ དེ་ལས་ འབྲུག་གི་ནང་འདྲེན་གནས་སྡུད་ཚུ་ལས་ བསྡུ་སྒྲིག་འབད་མི་དང་འཁྲིལ་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *