སྤྱི་ལོ་༢༠༡༢ དང་༢༠༡༦ གི་བར་ན་ རྒྱལ་ཡོངས་དྲང་སྤྱོད་ཀྱི་སྐུགས་ཚད་ མར་བབས་སོང་ཡོདཔ།

ངན་ལྷད་བཀག་འཛིན་ལམ་ལུགས་ དམ་སྒྲིང་མེད་པའི་ མངོན་གསལ་བྱུང་ནུག།

༉ སྤྱི་ལོ་༢༠༡༢ ལས་༢༠༡༦ ཚུན་ ལོ་ངོ་༤ གི་རིང་ སྤྱི་གཡོགཔ་ཚུ་གི་ དྲང་སྤྱོད་གནས་ཚད་དེ་ དུམ་གྲ་ཅིག་ མར་བབས་སོང་ཡོདཔ་སྦེ་ འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་མི་ རྒྱལ་ཡོངས་དྲང་སྤྱོད་བརྟག་ཞིབ་༢༠༡༦ ཅན་མའི་ སྙན་ཞུ་ནང་ གསལ་བཀོད་འབད་ནུག།
དེ་ཡང་ རྒྱལ་ཡོངས་དྲང་སྤྱོད་ཀྱི་ སྐུགས་ཚད་བསྡོམས་༡༠ ལས་ སྤྱི་ལོ་༢༠༡༢ ལུ་ སྐུགས་ཚད་༠.༤༢ ལས་༧.༩༥ ལུ་ མར་བབས་སོང་ཡོདཔ་ཨིན་རུང་ ད་ལྟོའི་སྐུགས་ཚད་ཀྱིས་ རྒྱལ་ཡོངས་དྲང་སྤྱོད་ཀྱི་ གནས་སྟངས་ལེགས་ཤོམ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་བཀོད་ནུག།
རྒྱལ་ཡོངས་དྲང་སྤྱོད་ཀྱི་ སྐུགས་ཚད་མར་བབས་སོང་མི་དེ་ཡང་ ཕྱི་ཁའི་དྲང་སྤྱོད་ཀྱི་གནས་རིམ་ མར་བབས་སོང་ནི་དེ་གིས་ཨིནམ་ད་ གནད་དོན་དེ་གིས་ ལོ་ངོ་༤ གི་རིང་ ཞབས་ཏོག་སྤྱོད་མི་ཚུ་ལུ་ ཞབས་ཏོག་རྣམ་དག་དང་ དྭངས་གསལ་ཐོག་ ཐོབ་སྤྱོད་འབད་ནི་ལུ་ དཀའ་ངལ་བྱུང་པའི་ གསལ་སྟོན་འབདཝ་ཨིན་པས།
ཕྱིའི་དྲང་སྤྱོད་ཀྱི་ སྐུགས་ཚད་དེ་ སྤྱི་ལོ་༢༠༡༢ ལུ་༨.༥༠ ལས་ སྤྱི་ལོ་༢༠༡༦ ལུ་ སྐུགས་ཚད་བརྒྱ་ཆ་༧.༨༩ ལུ་ མར་བབས་སོང་ཡོདཔ་ད་ དེ་སྦེ་ མར་བབས་སོང་མི་དེ་ཡང་ དྭངས་གསལ་དང་ འགན་འཁྲི་ཚུལ་ལྡན་མ་འབག་མི་ལུ་བརྟེན་ཨིནམ་སྦེ་ ཞབས་ཏོག་སྤྱོད་མི་ཚུ་ལུ་ མཐོང་སྣང་བྱུང་ནི་དེ་གིས་ཨིན་པས།
ནང་འཁོད་དྲང་སྤྱོད་ཀྱི་ སྐུགས་ཚད་དེ་༧.༨༩ ལས་༨.༡༠ ལུ་ ཡར་སེང་སོང་མི་དེ་གིས་ འཆར་དངུལ་ལག་ལེན་དང་ ངན་ལྷད་བཀག་འཛིན་ལམ་ལུགས་ཚུ་ནང་ ལས་སྡེ་ཚུ་གི་ ནང་འཁོད་འཛིན་སྐྱོང་ ལེགས་བཅོས་སོང་ཡོད་པའི་ བརྡ་སྟོནམ་ཨིན་པས།
སྙན་ཞུ་དང་ དྭངས་གསལ་དང་ འགན་འཁྲི་དེ་ ལེགས་ལྡན་གཞུང་སྐྱོང་གི་ ལག་ཆས་གལ་གནད་ཅན་ཨིན་ཟེར་ བཀོད་ཡོདཔ་ད་ དྭངས་གསལ་དེ་ བརྡ་དོན་ཐོབ་སྤྱོད་དང་ འགན་འཁྲི་གིས་ མི་མང་འགོ་དཔོན་ཚུ་གི་ བྱ་སྤྱོད་ཚུ་ དམ་འཛིན་དང་ ལྟ་བཀོད་འབདཝ་ཨིན་པས།
དྭངས་གསལ་གྱི་ དྲང་སྤྱོད་སྐུགས་ཚད་༠.༦༧ དང་ འགན་འཁྲིའི་སྐུགས་ཚད་༠.༨༠ མར་བབས་སོང་ཡོདཔ་ད་ སྤྱི་གཡོགཔ་ཚུ་གིས་ དབང་ཚད་ལོག་སྤྱོད་དང་ བརྩོན་ཤུགས་བསྐྱེད་ནི་མེད་མི་ལུ་བརྟེན་ སྐུགས་ཚད་དུམ་གྲ་ཅིག་ མར་བབས་སོང་ནུག་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ཞབས་ཏོག་མཁོ་སྤྲོད་འབད་ནི་ལུ་ ཡུན་འགྱངས་ལུས་མི་ལུ་བརྟེན་ ཞབས་ཏོག་སྤྱོད་མི་ཚུ་གིས་ ཞབས་ཏོག་དུས་ཚོད་ཁར་ འཐོབ་ཚུགས་ནིའི་དོན་ལུ་ དངུལ་རྐྱང་ ཡང་ཅིན་ རྒྱུ་དངོས་སྤྲོད་ནི་ དེ་ལས་ སྤྲོ་སྟོན་དང་ དགའ་ཚོར་གྱི་ ཐབས་ལམ་གཞན་ཚུ་གི་ཐོག་ལས་ ངོས་ལེན་འབད་དགོཔ་ བྱུང་ནུག་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འཆར་དངུལ་ལག་ལེན་ནང་ རང་དོན་དང་ ཡང་ཅིན་ བཟའ་ཚང་དང་ ཆ་རོགས་ཚུ་གི་ ཁེ་ཕན་ལུ་དམིགས་ཏེ་ གཡོ་སྒྱུ་འཐབ་པའི་ མངོན་གསལ་བྱུང་ཡོདཔ་ད་ སྙན་ཞུའི་ནང་ འཆར་དངུལ་ལག་ལེན་གྱི་ཐད་ལུ་ རང་དོན་དང་ བཟའ་ཚང་དང་ ཆ་རོགས་ཚུ་ལུ་ ཁེ་ཕན་འབྱུང་ཐབས་ལུ་ དངུལ་ཀྲམ་ས་ཡ་༧.༠༧༥ དང་ དངུལ་ཀྲམ་ས་ཡ་༥.༩༡ གཡོ་བཅོས་འབད་ནུག་ཟེར་བཀོད་ནུག།
ལས་སྡེའི་འཛིན་སྐྱོང་ལམ་ལུགས་ དམ་སྒྲིང་མེད་མི་དེ་གིས་ ལས་གཡོགཔ་ཚུ་ ངན་ལྷད་ལག་ལེན་ནང་ འབྲེལ་འཛིན་འབད་ནི་ལུ་ སེམས་ཤུགས་བསྐྱེད་ཡོདཔ་སྦེ་ སྙན་ཞུ་ནང་བཀོད་ནུག།
བརྟག་ཞིབ་སྙན་ཞུ་ཚུ་ཡང་ ཞབས་ཏོག་སྤྱོད་མི་༨,༧༠༦ དང་ ཞབས་ཏོག་མཁོ་སྤྲོད་འབད་མི་༢,༡༠༨ ལུ་ དྲི་བ་དྲིས་ལན་འབད་མི་ལུ་ གཞི་བཞག་སྟེ་ བསྡུ་སྒྲིག་འབད་ཡོད་པའི་གནས་ཚུལ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *