སྤྱི་ལོ་༢༠༠༨ ལུ་ བཀྲམ་སྤེལ་འབད་མི་ ངོས་འཛིན་འདྲ་པར་ཚུ་ ལག་ལེན་འཐབ་མི་བཏུབ་ནི།

༉ རྩ་ཁྲིམས་ཅན་གྱི་ དམངས་གཙོ་རིང་ལུགས་ཀྱི་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བཙག་འཐུའི་སྐབས་ མི་ལ་ལོ་ཅིག་གིས་ རང་སོའི་ ངོས་འཛིན་འདྲ་པར་དེ་ སྤྱི་ལོ་༢༠༠༨ ཀྱི་བཙག་འཐུའི་སྐབས་ལུ་ བྱིན་མི་དེ་ ལག་ལེན་འཐབ་ནིའི་ཉེན་ཁ་ཡོདཔ་ལས་ ངོས་འཛིན་འདྲ་པར་དེ་ ཆ་མེད་ཨིན་ཟེར་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
དེ་བཟུམ་གྱི་དཀའ་ངལ་དེ་ འཕྲལ་ཁམས་ཅིག་ཁར་ མགར་ས་རྫོང་ཁག་ནང་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ ལ་ལོ་ཅིག་གིས་ སྤྱི་ལོ་༢༠༠༨ ཀྱི་ ངོས་འཛིན་འདྲ་པར་ འབག་འོང་མི་ཡོདཔ་ལས་ ཁོང་གིས་ གདམ་ངོ་བཙག་འཐུའི་དོན་ལུ་ གསང་བའི་ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་མ་ཐོབ་པས།
བཙག་འཐུའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༨ ཀྱི་ ངོས་འཛིན་འདྲ་པར་ ལག་ལེན་འཐབ་མ་ཆོག་མི་དེ་ ངོས་འཛིན་འདྲ་པར་གྱི་ཨང་དེ་ སོ་སོར་ཡོད་ནི་དེ་གིས་ཨིན་ཟེར་ཨིནམ་ད་ དུས་ཅི་ བཙག་འཐུའི་དོན་ལུ་ བཀྲམ་སྤེལ་འབད་མི་ ངོས་འཛིན་འདྲ་པར་ནང་འབད་བ་ཅིན་ ཨང་གྲངས་དེ་ ངོ་སྤྲོད་ལག་ཁྱེར་གྱི་ ཨང་གྲངས་དེ་ཨིན་ཟེར་ ཨིན་པས།
དེ་འབདཝ་ད་ སྤྱི་ལོ་༢༠༡༡ གི་ ས་གནས་གཞུང་གི་བཙག་འཐུ་དང་ སྤྱི་ལོ་༢༠༡༣ གྱི་ སྤྱི་ཚོགས་༢ པའི་བཙག་འཐུའི་དོན་ལུ་བཟོ་མི་ ངོས་འཛིན་འདྲ་པར་དེ་ ལག་ལེན་འཐབ་ཆོག་ནི་ཨིནམ་ད་ དེ་ནང་ ཨང་གྲངས་དེ་ ངོ་སྤྲོད་ལག་ཁྱེར་ཨང་གྲངས་ཨིནམ་ད་ ལོ་དེ་ལས་ཚུར་ བཟོ་མི་ངོས་འཛིན་འདྲ་པར་གྱི་མདོག་དེ་ འབྲུག་གི་རྒྱལ་དར་ཡོདཔ་ད་ སྤྱི་ལོ་༢༠༠༨ ཀྱི་ ངོས་འཛིན་འདྲ་པར་གྱི་མདོག་དེ་ དཀརཔོ་ཨིན་པས།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་མགྲིན་ཚབ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ངོས་འཛིན་འདྲ་པར་དེ་ རྫོང་ཁག་༢༠ དང་ རྒེད་འོག་༢༠༥ གི་ བདག་སྐྱོང་ཡིག་ཚང་ཚུ་ལས་ བཀྲམ་སྤེལ་འབད་དོ་ཟེར་ཨིནམ་ད་ ཐིམ་ཕུག་ བཙག་འཐུ་ལྷན་ཚོགས་ཀྱི་ ཡིག་ཚང་ལྟེ་བ་ལས་འབད་བ་ཅིན་ ཉིན་བསྟར་བཞིན་དུ་ ངོས་འཛིན་འདྲ་པར་༥༠༠ དང་༡,༠༠༠ དེ་ཅིག་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
ཚོགས་རྒྱན་འཕྲུལ་ཆས་ཀྱི་ཐོག་ལས་ གསང་བའི་ཚོགས་རྒྱན་བཙུགས་པ་ཅིན་ ངོས་འཛིན་འདྲ་པར་དེ་ ཨིན་ཅི་མིན་ཅི་དགོཔ་ཨིནམ་ད་ གལ་སྲིད་ ཚོགས་རྒྱན་གྱི་ཉིནམ་དེ་ནང་ ངོས་འཛིན་འདྲ་པར་ འབག་མ་འོང་མི་ཡོད་པ་ཅིན་ ལྷན་ཚོགས་ཀྱིས་ དེ་འཕྲོ་ལས་བཟོ་བྱིན་ནིའི་ཐབས་ཤེས་ཚུ་ཡང་ བཏོན་དོ་ཡོདཔ་ཨིན་རུང་ བྱ་སྟབས་མ་བདེཝ་མི་འཐོན་ནིའི་དོན་ལུ་ ངོས་འཛིན་འདྲ་པར་དེ་ ཧེ་མ་ལས་ ལེན་བཞག་པ་ཅིན་ལེགས་ཤོམ་ཨིན་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤད་ཅི།
ཚོགས་རྒྱན་བཙུགས་མི་ཚུ་གིས་ སེམས་ཁར་བཞག་དགོཔ་ཅིག་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་དེ་ཨིནམ་ད་ དེ་ཡང་ མི་མང་ཤོས་ཅིག་གིས་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ འཛོལ་བའི་སྐབས་ ཚོགས་རྒྱན་བཙུགས་ནིའི་གོ་སྐབས་ མི་འཐོབ་ནིའི་ཉེན་ཁ་ཡོད་མི་དེ་ ལ་ལོ་ས་ཁོངས་ཅིག་ལས་ གཞན་ཁར་འགྱོ་དགོཔ་ཐོན་པའི་སྐབས་ དཀའ་ངལ་ཐོན་དོ་ཡོདཔ་ཨིན་པས།
གལ་སྲིད་ རང་སོའི་ མི་རྩིས་བསྒྱུར་བཅོས་འབད་དེ་ཡོད་པ་ཅིན་ ངོས་འཛིན་འདྲ་པར་ཡང་ བསྒྱུར་བཅོས་འབད་དགོཔ་ཨིནམ་ད་ དུས་ཅི་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ མི་ཚུ་གིས་ སྟབས་བདེ་ཧིང་ལུ་བལྟ་སྟེ་ མི་ཚུ་གིས་ རང་སོའི་འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་མ་དགོ་པར་ རང་སྡོད་སའི་ས་ཁོངས་ཚུ་ནང་ ཚོགས་རྒྱན་བཙུགས་སའི་ས་གོ་༦༤ གཞི་བཙུགས་འབད་ཡོདཔ་ཨིན་པས།
དེ་བཟུམ་གྱི་ཞབས་ཏོག་དེ་ སློབ་གྲྭ་དང་ སྤེལ་ཁང་ཚུ་ནང་ གཞི་བཙུགས་འབད་ནི་ཨིནམ་མ་ཚད་ དབང་པོ་དང་ཡན་ལག་ལུ་ ཐོ་ཕོག་མི་ཚུ་གི་དོན་ལུ་ ཚོགས་རྒྱན་བཙུགས་ནིའི་ཞབས་ཏོག་དེ་ ཚོགས་རྒྱན་འགོ་དཔོན་ཚུ་གིས་ ཁོང་སྡོད་སར་ བསྐྱལ་བར་འགྱོ་ནི་ཨིནམ་ད་ དེའི་དོན་ལུ་ ཧེ་མ་ར་ ཐོ་བཀོད་འབད་དགོཔ་ཨིན་པས།
ད་ཚུན་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༤༣༠,༠༠༠ ལྷགཔ་ཅིག་ཡོདཔ་ད་ དེའི་སྐོར་ལས་ ཚོགས་རྒྱན་བཙུགས་ནིའི་ཉིནམ་དེ་ ཟླཝ་༡ གི་སྔ་གོང་ལས་ གསལ་སྟོན་འབད་ནི་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *