དུས་སྟོན་རྟེན་འབྲེལ་ནང་ མི་དབང་ཡབ་མེས་སྲས་གསུམ་དང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ དེ་ལས་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ གྲལ་གཏོགས་གནང་ནུག།

སྤྱི་ལོ་༡༦༢༢ ལུ་ གཞུང་གྲྭ་ཚང་གཞི་བཙུགས་འབད་ཡོདཔ།

༉ རང་ཟླ་༣ པའི་ཚེས་༡༠ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ ཞབས་དྲུང་སྐུ་མཆོད་ཀྱི་ ཉིནམ་ཁྱད་པར་ཅན་དང་བསྟུན་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ གཞུང་དགེ་འདུན་གྲྭ་ཚང་གཞི་བཙུགས་འབད་དེ་ མི་ལོ་༤༠༠ འཁོར་བའི་ དུས་དྲན་བརྩི་སྲུང་གི་ རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ དེ་ལས་ མི་དབང་སྐུ་འཁོར་ལྷན་རྒྱས་ བྱོན་གནང་ནུག།

དུས་དྲན་བརྩི་སྲུང་ནང་ བློན་པོ་ལྷན་རྒྱས་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་བཞི་པ་ དེ་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་རྣམ་གསུམ་གྱིས་ སྤུ་ན་ཁ་རྫོང་ནང་ཡོད་མི་ བྱིན་རླབས་ཅན་གྱི་ མ་ཆེན་ལྷ་ཁང་ནང་ ཐུགས་སྨོན་གནང་ཡོདཔ་ཨིན་པས།

ཀུན་ར་ཆེན་མོའི་ནང་ དམིགས་བསལ་གྱི་གསུང་ཆོག་ བླ་མ་མཆོད་པ་གནང་ཐོག་ལས་ སྐུ་གསུང་ཐུགས་རྟེན་གྱི་ མནྡལ་ཕུལ་ཡོདཔ་ཨིན་པས།

འབྲུག་རྒྱལ་ཁབ་ནང་ དགེ་འདུན་གྲྭ་ཚང་དང་པ་ར་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ ཐིམ་ཕུག་ལྕགས་རི་ལུ་ གཞི་བཙུགས་འབད་ཡོདཔ་ད་ ལྷ་ཁང་གཞི་བཙུགས་འབད་དེ་ དུས་ཅི་ མི་ལོ་༤༠༠ ལང་མི་དེ་ཡང་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ སྤྱི་ལོ་༡༦༢༡ ལུ་ དགེ་ཕྲུག་༣༠ གི་ཐོག་ལས་ དགེ་འདུན་གྱི་ སྡེ་དང་པ་ གཞི་བཙུགས་གནང་ཡོདཔ་ཨིན་པས།

དེ་ཡང་ དང་པ་ར་ ཞབས་དྲུང་རིན་པོ་ཆེ་༼སྤྱི་ལོ་༡༥༩༤-༡༦༥༡༽ གིས་ སྤྱི་ལོ་༡༦༢༠ ལུ་ ལྕགས་རི་ལྷ་ཁང་བཞེངས་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༡༦༢༢ ལུ་ བསྒྲུབས་ཡོདཔ་ཨིན་པས།

ཞབས་དྲུང་ངག་དབང་རྣམ་རྒྱལ་དེ་ སྤྱི་ལོ་༡༦༡༦ ལུ་ ཆིབས་ཁ་ལྷོ་ལུ་ བསྒྱུར་གནང་ཡོདཔ་བཞིན་དུ་ སྤྱི་ལོ་༡༦༥༡ དང་ རབ་བྱུང་༡༡ ལྕགས་ཡོས་ལོ་ཟླ་༣ པའི་ཚེས་༡༠ ལུ་ དགུང་ལོ་༥༨ བཞེསཔ་ད་ ཞབས་དྲུང་གི་ཞལ་སློབ་ཉེ་ཤོས་ སྡེ་སྲིད་བསྟན་འཛིན་འབྲུག་རྒྱལ་དང་ དྲུང་དམ་ཆོས་རྒྱལ་མཚན་གཉིས་མ་གཏོགས་ ཞབས་སར་བཅར་ནི་མེད་པའི་ བཀའ་སློབ་གནང་སྟེ་ ཐུགས་དམ་ལུ་ བཞུགས་ཡོདཔ་ཨིན་པས།

གཞུང་གྲྭ་ཚང་གཞི་བཙུགས་འབད་མི་དེ་ རྒྱལ་རབས་ཅན་ཅིག་ཨིན་མི་དེ་ཡང་ དུས་རབས་༡༧ པའི་ནང་ འབྲུག་འདི་ རང་དབང་ཅན་གྱི་ རྒྱལ་ཁབ་སྦེ་ གཅིག་སྒྲིལ་བཟོ་བའི་ མདུན་ལམ་དང་པ་ནང་འཛུལ་བའི་ བརྡ་མཚོན་སྟོན་མི་ལུ་བརྟེན་ཨིན་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *