སྤྱི་རུབ་ཀྱི་ཐོག་ལས་ འགན་འཁྲི་འབག་དགོཔ་ གལ་ཆེ་དྲགས།

༉ ཐིམ་ཁྲོམ་ནང་འཁོད་ཀྱི་ འཁོར་ལམ་ཚུ་བདའ་སྟེ་ ཐདམ་ཐད་ཁར་ ཧ་ཀ་ཧོ་ཀ་དང་ ཆུ་འཁྱིལ་འཁྱིལཝ་ཚུ་ཡོདཔ་ལས་ སྣུམ་འཁོར་བཏང་མི་དང་ རྐང་སྟོང་འགྱོ་མི་གཉིས་ཆ་ར་ལུ་ ལཱ་ཁག་རྐྱབ་པའི་ཁར་ ཉེན་ཁ་ཡོད་པའི་ མཐོང་གསལ་བྱུངམ་ཨིན་མས།
ལྷག་པར་དུ་ ས་ཁོངས་ལེ་ཤ་ཅིག་ནང་ ཆུ་གཡུར་གུ་ བཀབ་སྟེ་ཡོད་མི་ རྩི་སའི་ཐོག་ལེབ་ཚུ་ཡང་ ལ་ལོ་ཅིག་ བཅགས་དཀྲུམ་བཏང་ཡོདཔ་ད་ ལ་ལོ་ཅིག་ ལེགས་ཤོམ་སྦེ་ མ་བཀབ་པར་ཡོདཔ་ལས་ གནམ་ནུབ་མོ་ རྐང་སྟོང་འགྱོ་མི་ མི་རྒན་རྒས་དང་ ཨ་ལོ་ཆུང་ཚུ་ དྲན་པ་མ་བཏོན་པ་ཅིན་ ཆུ་གཡུར་ནང་ འབུད་ནི་གི་ ཉེན་ཁ་འདུག།
དེ་བཟུམ་མའི་ དཀའ་ངལ་དེ་ མང་ཤོས་ཅིག་ར་ ཐིམ་ཁྲོམ་གྱི་ མི་འབོར་ཕྱེད་ཀ་དེ་ཅིག་ སྡོད་སའི་ས་གནས་ ཨོ་ལ་ཁ་དང་ བར་སྦིས་ལུ་ བྱུང་སྟེ་འདུག།
དེད་གཡོགཔ་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ འཁོར་ལམ་གྱི་གནས་སྟངས་དེ་ ཉེན་ཁ་སྦོམ་ཡོདཔ་མ་ཚད་ དམིགས་བསལ་དུ་ གནམ་ནུབ་མོའི་སྐབས་ ས་ཁོངས་དེ་ཚུའི་ནང་ འགོ་དང་པ་འགྱོ་མི་ཚུ་ལུ་ ལཱ་ཁག་རྐྱབ་ནི་ཨིན་མས་ཟེར་ཨིན་མས།
ཨོ་ལ་ཁ་ལུ་ སྡོད་མི་ཚུ་གིས་འབད་བ་ཅིན་ བཙག་འཐུ་ལྷན་ཚོགས་ཀྱི་ སྒྲིང་ཁྱིམ་རྙིངམ་གི་ རྒྱབ་ཁ་ལས་ཕར་ འཁོར་ལམ་བདའ་སྟེ་ ཧ་ཀ་ཧོ་ཀ་དང་ ས་དོང་ཚུ་ ལེ་ཤ་ཐོན་ཡོད་མི་དེ་གིས་ གནས་སྟངས་སྐྱོ་དྲགས་སྦེ་ར་ ཐལ་ཡོདཔ་ལས་ དུས་རྒྱུན་དུ་ སྣུམ་འཁོར་གཏང་འགྱོ་དགོཔ་ད་ སྟབས་མ་བདེ་བའི་ཁར་ འཕྲལ་འཕྲལ་སྣུམ་འཁོར་གྱི་འོག་ལས་ རྡོ་ཕོག་སྟེ་ འཕྲུལ་ཆས་ཚུ་ མེདཔ་བཏངམ་མས་ཟེར་ཨིན་མས།
རེས་ཅིག་སྐབས་ འཁོར་ལམ་སྐེདཔ་བཏོགས་ཏེ་ ས་དོང་བརྐོ་བཞག་མི་ཚུ་ཡང་ དེ་འཕྲོ་ལས་ མ་བསུབ་པར་ ཡུང་རིངམོ་སྦེ་ར་ སྣང་མེད་སྦེ་བཀོག་བཞག་པའི་ཁར་ འཁོར་ལམ་གྱི་ཟུར་བདའ་སྟེ་ཡོད་མི་ ཆུ་གཡུར་གྱི་ རྩི་སའི་ཐོག་ལེབ་ཚུ་ཡང་ མ་བཀབ་པར་ བཞག་དོ་ཡོདཔ་ལས་ གལ་སྲིད་ རྐྱེན་ངན་རེ་ འབྱུང་པ་ཅིན་ འགན་འཁྲི་ག་ལུ་ ཕོག་ནི་ཨིན་ན?
དེ་ལས་ ལྕང་ཟམ་ཏོག་ འབྲུག་ཚོང་འབྲེལ་ལས་འཛིན་ལས་ ཙན་དན་ཤིང་གི་ས་ཁོངས་ནང་ མ་ལྷོདཔ་ཅིག་གི་བར་ན་ འཁོར་ལམ་གྱི་ རྩི་ནག་ཚུ་ སྦོག་འགྱོ་བའི་ཁར་ ཆུ་ལེ་ཤ་འཁྱིལ་སྡོད་མི་ལུ་བརྟེན་ རྐང་སྟོང་འགྱོ་མི་ཚུ་ གཞན་ཁར་ལས་ བསྐོར་འགྱོ་དགོཔ་མ་ཚད་ སྣུམ་འཁོར་ཚུ་ཡང་ ཕྱོགས་གཅིག་ལས་འོངམ་ད་ སྒུག་སྡོད་ཞིནམ་ལས་རྐྱངམ་གཅིག་ འགྲོ་འགྲུལ་འབད་དགོ་པའི་ དཀའ་ངལ་འདུག།
མ་གཞི་ ཁྲོམ་སྡེ་ལས་འཛིན་གྱི་ ཁ་ཐུག་ལས་འབད་རུང་ ཁྲོམ་གྱི་ས་ཁོངས་ཚུ་ནང་ འདི་བཟུམ་མའི་ དཀའ་ངལ་དང་ བྱ་སྟབས་མ་བདེཝ་ཚུ་ བྱུང་པའི་སྐབས་ལུ་ སྣང་མེད་སྦེ་ བཀོག་མ་བཞག་པར་ ངོས་ལེན་འབད་དོ་ཡོདཔ་ཨིན་རུང་ ས་གནས་ཐདམ་ཐར་ཁར་ དཀའ་ངལ་ལེ་ཤ་སྦེ་ ཐོན་པའི་བསྒང་ལས་ སེལ་ཐབས་འབད་ནི་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་མས།
ཨིན་རུང་ ཁྲོམ་སྡེ་ལས་འཛིན་གྱིས་ ཐིམ་ཁྲོམ་ནང་འཁོད་ཀྱི་ འཁོར་ལམ་ཚུ་ ཆ་མཉམ་ར་ ལོག་རྩི་ནག་གཏང་ཞིནམ་ལས་ ལེགས་བཅོས་འབད་ནི་གི་ ལོ་རྒྱུས་ཡོད་མི་དེ་ གནས་ཚུལ་བཟང་པོ་ཅིག་ཨིན་མས།
འཕྲལ་ཁམས་ཅིག་ཁར་ ན་གཞོན་ཁས་བླངས་པ་སྡེ་ཚན་ཅིག་གིས་ འདི་བཟུམ་མའི་ དཀའ་ངལ་ཐོནམ་ད་ འབྲེལ་ཡོད་ལས་འཛིན་རྐྱངམ་གཅིག་ལུ་ བཀལ་བཞག་ནི་མེན་པར་ མི་མང་གི་ཁ་ཐུག་ལས་འབད་རུང་ འགན་འཁྲི་འདྲ་མཉམ་འབག་དགོ་ཟེར་བའི་ བརྗོད་དོན་ཐོག་ ཐིམ་ཁྲོམ་ནང་འཁོད་ཀྱི་ འཁོར་ལམ་ཚུ་བདའ་སྟེ་ ས་དོང་དང་ ཧ་ཀ་ཧོ་ཀ་ཐོན་ཡོད་མི་ཚུ་ ཆ་མཉམ་ར་ བསུབས་ཡོད་མི་དེ་ མིག་དཔེ་བཟང་པོ་ཅིག་ཨིནམ་མ་ཚད་ ང་བཅས་ར་ འཁོར་ལམ་སྤྱོད་མི་ཚུ་འབད་རུང་ བཀྲིན་དགའ་ཚོར་ བསམ་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *