སྤྱི་ཟླ་དང་པ་ལས་༦ པའི་བར་ན་ ནད་འབུབ་ཨེཆ་ཨའེ་བི་ཐོབ་མི་གསརཔ་༣༢ བདའ་ཟུན་ཡོདཔ།

༉ གསོ་བ་ལྷན་ཁག་གིས་ དུས་མཐུན་སྙན་ཞུ་འབད་མི་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་དང་པ་ལས་༦ པའི་བར་ན་ ནད་འབུབ་ཨེཆ་ཨའེ་བི་ཐོབ་མི་གསརཔ་༣༢ བདའ་ཟུན་ཡོདཔ་ཨིན་པས།

ནད་འབུབ་ཨེཆ་ཨའེ་བི་ཐོབ་མིའི་གྲངས་སུ་ ཆོས་སྒོར་ཞུགས་མི་༣ དང་ ཁྱིམ་ནང་གི་ལཱ་འབད་མི་ཨམ་སྲུ་༡༡ དང་ སྒེར་སྡེ་དང་ཚོང་ལཱ་འབད་མི་༥ རེ་ དེ་ལས་ དེད་གཡོགཔ་དང་ སོ་ནམ་པ་ཚུ་ཡོད་པའི་ཁར་ བཙོན་པ་༡ དང་ ལཱ་གཡོག་མེད་མི་ན་གཞོན་༢ ཡོདཔ་ཨིན་པས།

ལོ་ཚད་ལས་འབད་བ་ཅིན་ སྐྱེས་ལོ་༢༥ ལས་༥༠ འི་བར་ན་འབད་མི་ ཕོ་སྐྱེས་༡༧ དང་ ཨམ་སྲུ་༡༥ ཨིནམ་ད་ ཁོང་ག་ར་ བཀག་ཐབས་མ་འབད་བར་ ལུས་འབྲེལ་འབད་མི་ལུ་བརྟེན་ ཐོབ་ཡོདཔ་ཨིན་པས།

ཨིན་རུང་ ཨའི་ལས་ཨ་ལོ་ལུ་སྤེལ་མི་མེདཔ་ད་ བདའ་ཟུན་མི་ཚུ་གི་གྲས་ལས་ ཁོང་༡༥ ཁས་བླངས་ཐོག་ལས་བརྟག་དཔྱད་འབད་བར་ འོང་པའི་སྐབས་ལུ་ བདའ་ཟུན་ཡོདཔ་ད་ དེ་ཡང་༥ ཨ་ལོ་མ་སྐྱེ་བའི་སྔོན་ལས་ བརྟག་དཔྱད་འབད་བའི་སྐབས་དང་ གཞན་མི་ཚུ་ འབྲེལ་བ་འཐབ་མི་ཚུ་ལུ་བརྟེན་ རྗེས་དཔྱད་འབདཝ་ད་ ཤེས་རྟོགས་བྱུང་ཡོདཔ་ད་༦ གསོ་བའི་བརྟག་དཔྱད་དང་༡ ཁྲག་གི་ཞལ་འདེབས་དོན་ལུ་ བརྟག་དཔྱད་འབད་བའི་སྐབས་ བདའ་ཟུན་ཡོདཔ་ཨིན་པས།

བདའ་ཟུན་མི་ཚུ་ག་ར་ བདག་འཛིན་འཐབ་སྟེ་ སྨན་བཅོས་འབད་དོ་ཡོདཔ་ད་ སྤྱི་ལོ་༢༠༢༠ ལུ་ ནད་འབུབ་ཨེཆ་ཨའེ་བི་ཐོབ་མི་༥༤ བདའ་ཟུན་ཡོདཔ་ཨིན་པས།

གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ ནད་གཞི་དེ་ བཀག་ཐབས་དང་ སྨན་བཅོས་འབད་ནི་ལུ་ ངོས་ལེན་སྒྲིང་སྒྲི་འབད་བཞིན་དུ་ཡོད་ཟེར་ བཤད་ཡོདཔ་ད་ ནད་ཡམས་ཀོ་བིཌ་-༡༩ དང་འཁྲིལ་ ནད་གཞི་དེ་གི་གདོང་ལེན་ཚུ་ མ་འོངས་ཀྱི་དོན་ལུ་ གསོ་བའི་ལམ་ལུགས་ཚུ་ བཟོ་ནི་ཟེར་ཨིན་པས།

ནད་གཞི་དེ་གི་ གདོང་ལེན་གཅིག་ རང་གིས་རང་ལུ་ ནད་འབུབ་ཐོབ་མ་ཐོབ་ ཤེས་ནི་དེ་ གཙོ་ཆེ་ཟེར་ཨིནམ་ད་ དེ་གིས་མ་དོ་བར་ བཀག་ཐབས་ཀྱི་དོན་ལུ་ མི་སྡེ་ཚུ་ནང་ བརྟག་དཔྱད་ཅ་ཆས་ཚུ་ ལག་ལེན་འཐབ་ཐོག་ལས་ཡང་ བརྟག་དཔྱད་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།

སྙན་ཞུ་གསལ་སྟོན་འབད་བའི་སྐབས་ མི་མང་གསོ་བའི་ལས་ཁུངས་ཀྱི་ མདོ་ཆེན་ངོ་ཚབ་ རིག་འཛིན་རྒྱ་མཚོ་གིས་ ས་གནས་ མཐའ་དབུས་མེད་པར་ བརྟག་དཔྱད་འབད་ནིའི་ གོ་སྐབས་ཡོདཔ་བཟོ་ཐབས་ལུ་ ལྷན་ཁག་གིས་ ཧེ་མ་དང་མ་འདྲ་བའི་ མཐུན་རྐྱེན་ཚུ་ བཙུགས་ཏེ་ཡོད་ཟེར་ བཤད་ཡོདཔ་ད་ ཁྲོམ་སྡེ་སྦོམ་ཤོས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ ལོད་སྦིས་ས་དང་ ཀྲོང་གསར་ དེ་ལས་ བུམ་ཐང་ལུ་ གསོ་བའི་བརྡ་དོན་ཞབས་ཏོག་ལྟེ་བ་ཚུ་ བཙུགས་ཏེ་ཡོད་ཟེར་ཨིན་པས།

མནོ་ཆེན་ངོ་ཚབ་ཀྱིས་ སླབ་མིའི་ནང་ མི་ཚུ་གིས་ གདོང་ཁར་ཐོན་ཏེ་ བརྟག་དཔྱད་འབད་བར་འོང་ནི་ལུ་ ནན་སྐུལ་འབད་ཡི་ཟེར་ཨིནམ་ད་ ལྷན་ཁག་གིས་ འཛམ་གླིང་གསོ་བའི་ལས་ཚོགས་དང་ རྒྱལ་སྤྱི་མ་དངུལ་གྱི་གྲོགས་རམ་ཐོག་ལས་ ངོ་རྐྱང་གིས་ ནད་གཞི་བརྟག་དཔྱད་འབད་ནིའི་ ཅ་ཆས་དེ་ ད་རེས་ཀྱི་ཟླཝ་ནང་ལས་ གཙོ་རིམ་ཅན་གྱི་རྫོང་ཁག་ ཐིམ་ཕུག་དང་ སྤ་རོ་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ དེ་ལས་ བསམ་རྩེ་རྫོང་ཁག་ཚུ་ནང་ འགོ་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

བརྟག་དཔྱད་ཅ་ཆས་དེ་ཡང་ ཕོ་དང་ཕོ་གི་བར་ན་ ལུས་འབྲེལ་འབད་མི་དང་ ཞང་བཙོང་གི་ལཱ་འབད་མི་ དེ་ལས་ སྤྱིར་བཏང་མི་མང་གིས་ ངོས་ལེན་ག་དེ་སྦེ་ ཡོདཔ་ཨིན་ན་ བལྟ་ནིའི་དོན་ལུ་ཨིནམ་ད་ མོ་བཏབ་སྦེ་ འགོ་བཙུགས་མི་དེ་ཡང་ མི་ཚུ་གིས་ གྲོགས་རམ་ཐོག་ལས་ བརྟག་དཔྱད་འབད་མི་དང་ རང་གིས་རང་བརྟག་དཔྱད་འབད་མི་༢ ལས་ ག་ལུ་ གདམ་ཁ་རྐྱབ་དོ་ ཡོདཔ་ཨིན་ན་ བལྟ་ནིའི་དོན་ལུ་ཨིན་པས།

སྤྱི་ལོ་༡༩༩༣ ལས་ དུས་ཅི་ སྤྱི་ཟླ་༦ པ་ཚུན་ མི་གྲངས་༡,༣༠༠ དེ་ཅིག་ཡོད་པའི་ ཚོད་དཔག་འབད་མི་ལས་ ལྷན་ཁག་གིས་༧༧༣ བདའ་ཟུན་ཡོད་རུང་ ལྷན་ཁག་གིས་ བདའ་ཟུན་ནིའི་བརྒྱ་ཆ་༤༠.༥ དམིགས་གཏད་ཡོད་མི་དེ་ འགྲུབ་ཐབས་ལུ་ ད་རུང་ ནད་གཞི་ཐོབ་མི་༥༢༧ བདའ་ཟུན་དགོཔ་ཡོདཔ་ཨིན་པས།

རྒྱལ་ཁབ་གཞན་ཚུ་ནང་བཟུམ་སྦེ་ འབྲུག་ལུ་ཡང་ ནད་གཞི་ཐོབ་མི་ལས་ བརྒྱ་ཆ་༧༠ དེ་ཅིག་ སྐྱེས་ལོ་༢༥ ལས་༤༩ གི་ བར་ན་ཡོད་པའི་ཁར་ བརྒྱ་ཆ་༡༤ སྐྱེས་ལོ་༡༥ ལས་༢༤ བར་ན་འབད་མི་ཚུ་ཨིནམ་ད་ ལྷག་ལུས་བརྒྱ་ཆ་༥ པོ་དེ་ སྐྱེས་ལོ་༡༥ འོག་རྒྱུ་དང་ བརྒྱ་ཆ་༡༡ སྐྱེས་ལོ་༥༠ ཡན་ཆད་འབད་མི་ཚུ་ ཡོདཔ་ཨིན་པས།

ལོ་ཚད་དེ་ལུ་བལྟ་བ་ཅིན་ ནད་གཞི་དེ་གིས་ རྒྱལ་ཁབ་ནང་ དཔལ་འབྱོར་དོན་ལུ་ དོན་སྨིན་ཅན་གྱི་ ལོ་ཚད་ནང་ཡོད་མི་ཚུ་ལུ་ གནོད་པ་རྐྱབ་སྟེ་ཡོདཔ་ད་ ནད་གཞི་ཐོབ་མི་ཚུ་ལས་ བརྒྱ་ཆ་༩༣.༩ ལུས་འབྲེལ་ཐོག་ལས་ཐོབ་ཡོདཔ་ད་ བརྒྱ་ཆ་༥ ཨའི་ལས་ཨ་ལོ་ལུ་ཐོབ་མི་དང་ བརྒྱ་ཆ་༠.༨ སྨྱོ་རྫས་ལག་ལེན་འཐབ་པའི་སྐབས་ ཁབ་ལག་ལེན་འཐབ་མི་ལས་ ཐོབ་ཡོདཔ་ཨིན་པས།

ད་ལྟོ་ཡང་ མི་སྡེའི་ནང་ ནད་གཞི་ཐོབ་མི་ཚུ་ལུ་ སྐྱོ་དྲགས་སྦེ་ བརྩི་འཇོག་འབད་མི་དེ་ གདོང་ལེན་སྦོམ་སྦེ་ར་ གནས་ཏེ་ཡོདཔ་ད་ དེ་བཟུམ་མའི་ གནས་སྟངས་ཡོདཔ་ལས་ མི་ཚུ་གིས་ བརྟག་དཔྱད་འབད་བར་འོང་ནི་ལས་ཡང་ འཛེམ་སྡོདཔ་མས་ཟེར་ཨིན་པས།

དེ་འབདཝ་ལས་ ཕོ་དང་ཕོ་གི་བར་ན་ ལུས་འབྲེལ་འབད་མི་དང་ ཞག་བཙོང་གི་ལཱ་འབད་མི་ཚུ་ལུ་ ནད་གཞི་དེ་ འཐོབ་ནིའི་ཉེན་ཁ་ ཆེ་སུ་འདུག་ཟེར་ཨིན་པས།

དེ་མ་ཚད་ གསོ་བའི་གཅེས་སྐྱོང་ནང་ཡང་ ཉེ་རིང་ཕྱེ་ནིའི་ཉེན་ཁ་ མང་སུ་ཡོདཔ་ལས་ དུས་ཚོད་ཁར་ སྨན་བཅོས་ཞབས་ཏོག་ལེན་པར་ འོང་མ་བཏུབ་མི་ཡང་ འཐོན་ནི་མས་ཟེར་ཨིན་པས།

དེ་འབདཝ་ལས་ ནད་གཞི་ཐོབ་མི་ཚུ་གིས་ གསོ་བའི་ཞབས་ཏོག་སྤྱོད་པར་འོང་ནི་ལས་ བཀག་ཆ་འབད་དེ་ ལུས་ནི་ཨིནམ་ད་ གནས་སྟངས་དེ་གིས་ འགྲོ་བ་མིའི་དབང་ཆ་ལུ་ཐོ་ཕོག་སྟེ་ ཉེ་རིང་ཕྱེ་ནིའི་རིགས་ཚུ་ བཟོཝ་ཨིན་མས་ཟེར་ཨིན་པས།

དེ་བཟུམ་མའི་ གདོང་ལེན་ཚུ་མེདཔ་བཟོ་སྟེ་ ག་ར་གིས་ གསོ་བའི་ཞབས་ཏོག་ འཐོབ་ཚུགས་པའི་རང་དབང་ལུ་ བརྩོན་མི་དང་ མཉམ་འབྲེལ་ངོས་ལེན་འབད་མི་ སྡེ་ཚན་ཅིག་ཡང་ བཟོ་དགོཔ་འདུག་ཟེར་ཨིན་པས།

ཧེ་མ་བཟུམ་སྦེ་མེན་པར་ ད་རེས་ནངས་པར་ བརྟག་དཔྱད་ཐོག་ སྨན་བཅོས་ཚུ་ དུས་ཚོད་ཁར་འབད་དེ་ ནད་གཞི་མེད་མི་ཚུ་ བཟུམ་སྦེ་ མི་ཚེ་ལེགས་ཤོམ་སྐྱོང་ཚུགས་པའི་ ཁེ་ཕན་ཚུ་ཡོདཔ་ལས་ དུས་ཚོད་ཁར་ རང་ལུ་ནད་གཞི་དེ་ཡོད་མེད་ ཧ་སུ་སྦེ་ཤེས་ནི་དེ་ ཁག་ཆེ་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *