སྤྱི་ཟླ་༨ པའི་ཚེས་༣༡ ཚུན་ ཐིམ་ཕུག་ལུ་ སྣུམ་འཁོར་༥༤,༦༦༡ ཡོདཔ།

ཟླཝ་༨ ཀྱི་རིང་ལུ་ སྣུམ་འཁོར་གྱི་ རྐྱེན་ངན་ནང་ མི་༦༥ བསད་ཡོདཔ།

༉ འདས་པའི་ཟླཝ་༨ ཀྱི་རིང་ལུ་ སྣུམ་འཁོར་དང་འབྲེལ་བའི་ རྐྱེན་ངན་ཚུ་ནང་ ཟླཝ་རེ་ལུ་ མི་༨ དེ་རེ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
དེ་ཡང་ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་ལྟ་རྟོག་སྡེ་ཚན་གྱིས་ གནས་ཐོ་བཞག་མི་དང་འཁྲིལ་ཨིནམ་ད་ སྤྱི་ཟླ་༨ པའི་ཚེས་༣༡ ཚུན་ཚོད་ རྒྱལ་ཁབ་ནང་འཁོད་ལུ་ སྣུམ་འཁོར་གྱི་ རྐྱེན་ངན་ཁག་༩༧༨ བྱུང་མིའི་ནང་ མི་༥༤༡ ལུ་ རྨ་སྐྱོན་དང་༦༥ ལུ་ ཤི་རྐྱེན་བྱུང་ནུག།
ཐིམ་ཕུག་རྐྱངམ་གཅིག་ལུ་ར་ སྣུམ་འཁོར་ལྟ་རྟོག་སྡེ་ཚན་གྱིས་ སྤྱི་ཟླ་༨ པའི་ཚེས་༣༡ ཚུན་ སྣུམ་འཁོར་ཐུག་རྐྱེན་༣༢༦ ཐོ་བཀོད་འབད་མི་དེ་ནང་ མི་༡༣༢ ལུ་ གནོད་སྐྱོན་དང་༣ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་གི་འོག་ལས་ར་ ཆུ་ཁ་ལུ་ ཐུག་རྐྱེན་༢༣༠ དང་ མི་༦༢ ལུ་ གནོད་སྐྱོན་དང་༡༣ ཤི་རྐྱེན་བྱུང་ནུག།
སྤྱི་ལོ་༢༠༡༨ ལུ་ སྣུམ་འཁོར་གྱི་ རྐྱེན་ངན་༡,༣༦༠ བྱུང་མི་དེ་ནང་ མི་༡༣༥ ལུ་ ཤི་རྐྱེན་དང་༨༠༧ ལུ་ གནོད་སྐྱོན་བྱུང་ཡོདཔ་སྦེ་ ལོ་བསྟར་བརྡ་དོན་བརྒྱུད་འབྲེལ་དང་ སྐྱེལ་འདྲེན་རྩིས་དཔྱད་དུས་དེབ་ནང་བཀོད་ནུག།
སྤྱི་ལོ་༢༠༠༥ ལས་༢༠༡༨ ཚུན་གྱི་ སྣུམ་འཁོར་ཐོ་བཀོད་འབད་མི་ཚུ་ལུ་བལྟཝ་ད་ རྐྱེན་ངན་བྱུང་མིའི་ གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་སོང་མིའི་ནང་ལས་ མང་ཤོས་ར་ སྤྱི་ལོ་༢༠༡༥ ལུ་ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༠༩ ལུ་ ཐུག་རྐྱེན་༡,༤༣༦ བྱུང་མི་དེ་ གྱངས་ཁ་མཐོ་ཤོས་ཅིག་ཨིན་རུང་ སྤྱི་ལོ་༢༠༡༨ ལུ་ རྐྱེན་ངན་ཚུ་ལས་ ཤི་རྐྱེན་མངམ་བྱུང་ནུག།
ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་ལྟ་རྟོག་སྡེ་ཚན་གྱི་སྡེ་འཛིན་ དམག་སྲིད་འོགམ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ སྣུམ་འཁོར་གྱི་ རྐྱེན་ངན་བྱུང་མིའི་ རྒྱུ་རྐྱེན་གཙོ་བོ་ར་ དེད་གཡོགཔ་ཚུ་གིས་ དྲན་ཤེས་མ་བཏོན་པར་ སྣང་མེད་སྦེ་ སྣུམ་འཁོར་བཏང་མི་དང་ ཤུགས་ཚད་ལས་བརྒལ་བཏང་བཏངམ་ དེ་ལས་ ཆང་འཐུང་སྟེ་ བཏང་མི་ལུ་བརྟེན་ཨིན་པའི་ཁར་ གནམ་གཤིས་གནས་སྟངས་ཀྱིས་ཡང་ རྐྱེན་ངན་ལུ་ ལྷན་ཐབས་འབད་ནུག་ཟེར་ཨིན་པས།
སྡེ་འཛིན་གྱིས་འབད་བ་ཅིན་ ཐིམ་ཕུག་ལུ་ སྣུམ་འཁོར་མང་དྲགས་མི་དང་ རྒྱུན་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་ཡར་སེང་འགྱོ་མི་དེ་གིས་ ཁྲོམ་སྡེ་ནང་ ཐུག་རྐྱེན་འབྱུང་ནི་གི་ གནོད་ཉེན་སྦོམ་འདུག་ཟེར་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་༢༠༡༨ ཅན་མ་དང་འཁྲིལཝ་ད་ སྣུམ་འཁོར་གྱི་ གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ བརྒྱ་ཆ་༧ རེ་ ཡར་སེང་འགྱོ་དོ་ཡོདཔ་མ་ཚད་ སྣུམ་འཁོར་༡༠,༠༠༠ ལུ་ རྐྱེན་ངན་བྱུངམ་ད་ མི་༡༢ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་བཀོད་ནུག།
ཐོ་བཀོད་དང་འཁྲིལཝ་ད་ དུས་ཅི་སྤྱི་ཟླ་༨ པའི་ཚེས་༣༡ ཚུན་ཚོད་ ཐིམ་ཕུག་ལུང་ཕྱོགས་རྐྱངམ་གཅིག་ནང་ར་ སྣུམ་འཁོར་༥༤,༦༦༡ ཡོདཔ་ད་ རྒྱལ་ཁབ་ནང་འཁོད་ལུ་ སྣུམ་འཁོར་བསྡོམས་༡༠༤,༩༦༣ ཡོད་པའི་གནས་ཚུལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *