སྤྱི་ཟླ་༧ པ་མ་རྫོགསཔ་ཅིག་ལས་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་ཐེངས་༢ པ་བཙུགས་ནི།

༉ འབྲུག་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་ཐེངས་དང་པ་བཙུགས་ཏེ་ སྤྱི་ཟླ་༧ པ་རྫོགས་པའི་བསྒང་ལས་ བདུན་ཕྲག་༡༦ ལང་ནི་ཨིནམ་ལས་ དེ་གི་ནང་འཁོད་ལུ་ སྨན་ཁབ་ཐེངས་༢ པ་ བཙུགས་ཚུགསཔ་ འབད་ནི་ཨིན་པས།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ སྨན་ཁབ་ཐེངས་༢ པའི་དོན་ལུ་ རྒྱལ་ཁབ་༡༧ དེ་ཅིག་དང་ འབྲེལ་བ་འཐབ་ཡོདཔ་བཞིན་དུ་ མང་ཤོས་ཅིག་གིས་ ངོས་ལེན་འབད་དེ་ཡོད་ཟེར་ཨིན་པས།

སྤྱི་ཟླ་༧ པའི་ཚེས་༡ ལུ་ ཌེན་མཱག་གིས་ སྨན་ཁབ་ཨེསི་ཊ་ཟེ་ནེ་ཀ་༢༥༠,༠༠༠ དེ་ཅིག་ གྲོགས་རམ་འབད་ནི་སྦེ་ ཁ་བཟེད་ཡོདཔ་ད་ ད་ལྟོ་ཚུན་ གྲོགས་རམ་བྱིན་ནི་སྦེ་ ཁ་བཟེད་མི་ རྒྱལ་ཁབ་དང་པ་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ རྒྱལ་ཁབ་གཞན་ཚུ་གིས་ཡང་ ཉིན་གྲངས་དག་པ་ཅིག་ནང་ར་ ཁ་བཟེད་པའི་ རེ་བ་བསྐྱེད་དོ་ཡོདཔ་ད་ གྲོགས་རམ་ཚུ་ཡང་ ང་བཅས་ཀྱི་ སྨན་ཁབ་ཐེངས་དང་པ་བཙུགས་ཏེ་ བདུན་ཕྲག་༡༦ མ་ལང་པའི་ ནང་འཁོད་ལུ་ གནང་དགོ་པའི་ཞུ་བ་འབད་དེ་ཡོད་ཟེར་ཨིན་པས།

དེ་མ་ཚད་ སྨན་ཁབ་ཐེངས་དང་པ་དེ་ཡང་ ཨེསི་ཊ་ཟེ་ནེ་ཀ་ བཙུགས་ཡོདཔ་བཞིན་དུ་ ཐེངས་༢ པའི་དོན་ལུ་ཡང་ ཨེསི་ཊ་ཟེ་ནེ་ཀ་དེ་ར་ གནང་དགོ་པའི་ ཨུ་ཚུགས་བསྐྱེད་དོ་ཟེར་ བློན་ཆེན་གྱིས་གསུངས་ཡི།

ཌེན་མཱག་གཞུང་གིས་ གནས་ཚུལ་གསར་བཏོན་ཅིག་དང་འཁྲིལཝ་ད་ སྨན་ཁབ་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ ལག་ལེན་དང་ ཁྲིམས་དོན་ཡིག་ཆ་ཚུ་ ལེ་ཤ་དགོཔ་བཞིན་དུ་ ཁོང་གིས་ ལཱ་འབད་བའི་བསྒང་ཡོད་ཟེར་བཀོད་ནུག།

ཌེན་མཱག་གཞུང་ལུ་ སྨན་ཁབ་དགོ་པའི་ ཞུ་བ་འབད་མི་ རྒྱལ་ཁབ་ལེ་ཤ་ཡོདཔ་ཨིན་རུང་ ང་བཅས་ལུ་ ངོས་ལེན་འབད་དེ་ཡོདཔ་ད་ ད་ལྟོ་ཚུན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་བསོད་དབང་ཐང་ལུ་བརྟེན་ ཞུ་བ་ག་དེ་སྦེ་འབད་རུང་ གྲོགས་རམ་འབད་མི་ཚུགས་ཟེར་སླབ་མི་ རྒྱལ་ཁབ་ཕུད་རྡོག་གཅིག་ཡང་ མ་ཐོན་ཟེར་ཨིན་པས།

བློན་ཆེན་གྱིས་ གསུངས་མིའི་ནང་ ཡོ་རོ་པི་ཡཱན་རྒྱལ་ཁབ་ཚུ་ལས་ བསྡོམས་ཀྱིས་སྨན་ཁབ་༣༠༠,༠༠༠ དང་༤༠༠,༠༠༠ དེ་ཅིག་ འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ རྒྱ་གར་གྱིས་ཡང་ ཆ་རོགས་འབད་ནི་སྦེ་ར་ སླབ་ཡོདཔ་ཨིན་རུང་ ཁོང་རང་ཡང་ འཛམ་གླིང་ནང་ ནད་འབུབ་ཀྱི་གནས་སྟངས་ སྐྱོ་ཤོས་ཅིག་ནང་ ཚུད་དེ་ཡོདཔ་ལས་ སླབ་ཐབས་མེདཔ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་གནང་སྟེ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ འབྲུག་གིས་ ཕའི་ཟར་ལས་སྡེ་ལས་ཡང་ སྨན་ཁབ་ཉོ་ནིའི་ལས་རིམ་ཚུ་ བཟོ་ཡོདཔ་བཞིན་དུ་ ཁོང་གིས་ དུས་ཅི་གི་ ལོ་མཇུག་བསྡུ་ཁམས་ལུ་ བྱིན་ནི་སྦེ་ སླབ་ཡོདཔ་ཨིན་རུང་ མགྱོགས་སུ་སྦེ་ གནང་དགོ་པའི་ ཞུ་བ་འབད་དེ་ཡོད་ཟེར་ཨིན་པས།

ཧེ་མ་ཡང་ ང་བཅས་ཀྱིས་ ཕའི་ཟར་སྨན་ཁབ་རེ་ལུ་ གོང་ཚད་ཡུ་ཨེསི་ཌོ་ལར་༦ རེ་སྦེ་ ཉོ་ཡོདཔ་ཨིན་རུང་ ད་རེས་ དུམ་གྲ་རེ་ བཙོང་ནི་ཡོད་མི་ཚུ་ཡང་ ཌོ་ལར་༣༠ རེ་ སླབ་དོ་ཡོད་རུང་ འབྲུག་ལུ་ མར་ཕབ་འབད་དེ་ ཧེ་མའི་གོང་ཚད་གུ་ར་ བྱིན་ནི་ཨིནམ་ད་ དེ་ཡང་ སྐྱེས་ལོ་༡༨ མ་ལང་མི་ ཨ་ལོ་ཚུ་ལུ་ བཙུགས་ནི་ཨིན་པས།

ཕའི་ཟར་སྨན་ཁབ་ཚུ་ སྐྱེས་ལོ་༦ ཡན་ཆད་ཀྱི་ ཨ་ལོ་ཚུ་ལུ་ཡང་ བཙུགས་ནིའི་དོན་ལུ་ ཞིབ་འཚོལ་འབད་བཞིན་དུ་འདུག་ཟེར་ བློན་ཆེན་གྱིས་གསུངས་ཡི།

བློན་ཆེན་གྱིས་འབད་བ་ཅིན་ སྨན་ཁབ་མོ་ཌཪ་ན་ཡང་ སྐྱེས་ལོ་༡༢ དང་༡༨ ཀྱི་བར་ན་ འབད་མི་ཚུ་ལུ་ བཙུགས་ནི་སྦེ་ ཞིབ་འཚོལ་འབད་བའི་སྐབས་ བཏུབ་པའི་གྲུབ་འབྲས་ཐོན་ཡོདཔ་ལས་ ད་ལྟོ་ གནང་བ་ལུ་ སྒུག་ཏེ་འདུག་ཟེར་ཨིན་པས།

འབྲུག་གིས་ སྨན་ཁབ་ཕའི་ཟར་དང་ མོ་ཌར་ན་༢ ཆ་རང་དགོ་པའི་ མཁོ་འདོད་བཀོད་ཡོདཔ་བཞིན་དུ་ ཧེ་མ་ མོ་ཌར་ན་ ལྷོད་ནི་བཟུམ་ཅིག་འདུག་ཟེར་ བློན་ཆེན་གྱིས་ གསུངསམ་ཨིན་པས།

མ་གཞི་ ཧེ་མ་འབད་བ་ཅིན་ སྨན་ཁབ་ཐེངས་༢ པ་དེ་ ཐེངས་དང་པ་རྐྱབ་སྟེ་ བདུན་ཕྲག་༡༢ ཀྱི་ནང་འཁོད་ བཙུགས་དགོཔ་སྦེ་ སླབ་མི་དང་འཁྲིལ་ གཞུང་གིས་ ག་དེམ་ཅིག་ རྩ་འགེངས་རུང་ འཐོབ་མ་ཚུགས་ཟེར་ཨིན་པས།

དེ་བསྒང་ གཞུང་གིས་ ཚུལ་མིན་ཐོག་ལས་དང་ ཡང་ཅིན་ གོང་ཚད་ག་དེམ་ཅིག་གནས་རུང་སྤྲོད་དེ་ ཉོ་ནི་ལུ་ རྩ་འགེངས་ཡོདཔ་ཨིན་རུང་ སྨན་ཁབ་ཚུ་ འཛམ་གླིང་ནང་ར་ ལངམ་སྦེ་མེད་མི་ལུ་བརྟེན་ འཐོབ་མ་ཚུགས་ཟེར་ཨིན་པས།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ ཧེ་མ་ ཝུ་ཧཱན་གི་ ནད་འབུབ་དེ་འབད་བའི་སྐབས་ རྒྱལ་ཁབ་ཀྱི་ མི་རློབས་བརྒྱ་ཆ་༧༠ དེ་ཅིག་ལུ་ སྨན་ཁབ་བཙུགས་ཚུགས་པ་ཅིན་ ནད་འབུབ་ཁྱབ་སྤེལ་ བཀག་ཆ་འབད་ནིའི་ ཚད་གཞི་ལང་དོ་ཡོདཔ་ཨིན་རུང་ ད་རེས་ཀྱི་ ཌེལ་ཊ་བའེ་རེས་ཟེར་མི་ ནད་འབུབ་ཀྱི་རིགས་དེ་ མགྱོགས་དྲགས་སྦེ་ར་ ཁྱབ་སྤེལ་འགྱོ་དོ་ཡོདཔ་ལས་ ཉུང་ཤོས་ རྒྱལ་ཁབ་ཀྱི་མི་རློབས་ལས་ བརྒྱ་ཆ་༨༠ ལུ་ སྨན་ཁབ་བཙུགས་དགོཔ་ ཨིན་མས་ཟེར་ཨིན་པས།

ད་ལྟོ་ཚུན་ སྨན་ཁབ་བཙུགས་ནི་ལུ་ ཁྱད་ཚད་ལྡན་པའི་ མི་རློབས་ལས་འབད་བ་ཅིན་ བརྒྱ་ཆ་༩༥ དེ་ཅིག་ལུ་ སྨན་ཁབ་བཙུགས་ཚར་ཡོདཔ་ཨིན་རུང་ བརྒྱ་ཆ་དེ་ རྒྱལ་ཁབ་ཀྱི་ མི་རློབས་ཚད་གཞི་ལས་ ཕབ་དགོ་པ་ཅིན་༦༥ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *