སྤྱི་ཟླ་༦ པའི་ཟླ་མཇུག་ལས་ ལྷ་མོའི་རྫིང་ཁ་གི་ གནས་སྐབས་ཁྲོམ་ སྟོངམ་བཏོན་དགོཔ།

༉ ལྷ་མོའི་རྫིང་ཁ་གི་ སའི་ཇོ་བདག་ཚུ་གིས་ ལག་ཁྲམ་ཐོབ་སྟེ་ ལོ་ལྷག་སོ་རུང་ ཁྲོམ་རྙིངམ་ནང་ བཟོ་སྐྲུན་གྱི་ལཱ་ འགོ་བཙུགས་མ་ཚུགས་པར་ཡོདཔ་བཞིན་དུ་ གནས་སྐབས་ཀྱི་ཁྲོམ་དེ་ སློབ་གྲྭ་ཆུང་བའི་དོན་ལུ་ ས་ཁོངས་ངོས་འཛིན་འབད་དེ་ཡོདཔ་ལས་ ཚོང་པ་ཚུ་ སྤྱི་ཟླ་༦ པའི་ ཟླ་མཇུག་ལུ་ སྤོ་བཤུད་འབད་དགོཔ་ཨིན་པས།

དར་དཀར་ནང་རྫོང་ཁག་བདག་སྐྱོང་གིས་ གནད་དོན་འདི་གི་ཐོག་ལུ་ འདས་པའི་ཟླཝ་ནང་ སའི་ཇོ་བདག་ཚུ་ལུ་ བཀའ་རྒྱ་ཚུ་བྱིན་ཡོདཔ་ད་ ལྷ་མོའི་རྫིང་ཁ་དྲུང་ཁག་གིས་ ན་ཧིང་སྤྱི་ཟླ་༥ པའི་ནང་ ལག་ཁྲམ་གསརཔ་བགོ་བཀྲམ་འབདཝ་དང་འབྲེལ་ ཁྱིམ་བཟོ་སྐྲུན་གྱི་ གནང་བ་ཚུ་ཡང་གནང་ཡོདཔ་ལས་ གནས་སྐབས་ཀྱི་ ཁྲོམ་ཁར་སྡོད་མི་ཚུ་གིས་ སྤྱི་ཟླ་༦ པའི་ཟླ་མཇུག་གི་ ནང་འཁོད་ལུ་ ས་ཁོངས་ཚུ་ སྟོངམ་བཏོན་དགོཔ་ཨིན་པས།

ལྷ་མོའི་རྫིང་ཁ་འབྲིང་རིམ་སློབ་གྲྭ་བར་མ་དེ་ འབྲིང་རིམ་སློབ་གྲྭ་གོང་མ་ལུ་ ཡར་སེང་འབད་ནིའི་གནང་བ་དེ་ སྤྱི་ལོ་༢༠༢༢ ཟླ་༡༢ པའི་ཚེས་༢༨ ལུ་ རྫོང་ཁག་ལུ་ ལྷོད་ཡོདཔ་ཨིན་པས།

ད་ལྟོ་ གནས་སྐབས་ཀྱི་ ཁྲོམ་ཆགས་མིའི་ས་ཁོངས་དེ་ སློབ་གྲྭ་ཆུང་བའི་དོན་ལུ་ ངོས་འཛིན་འབད་ཡོདཔ་ལས་ ས་ཁོངས་ནང་ སློབ་གྲྭ་རྐྱབ་ནིའི་དོན་ལུ་ གཞི་རྟེན་གོང་འཕེལ་གྱི་ལཱ་ཚུ་ ཤུལ་མའི་འཆར་ལོ་ནང་ འགོ་བཙུགས་ནི་ཨིན་ཟེར་ཨིན་པས།
འདས་པའི་ཟླཝ་༨ ཀྱི་ཧེ་མར་ ས་ཁོངས་ནང་ ཚོང་པ་༢༨ ཀྱིས་ གནས་སྐབས་ཀྱི་ ཁྲོམ་ཆགས་མི་ཚུ་ གནས་ཚུལ་དེ་གོ་བའི་བསྒང་ལས་ སེམས་དང་མ་ལྡན་པར་ཡོད་པའི་ཁར་ ལ་ལོ་ཅིག་ ད་རེས་འཕྲལ་ཁམས་ཅིག་ཁར་ སྤོ་བཤུད་འབད་ཡོདཔ་ལས་ ཁོང་གིས་ ཞལ་འཛོམས་ཅིག་འཚོགས་པའི་སྐབས་ལུ་ ལོ་ཤུལ་མམ་གྱི་ཟླ་༢ པ་ཚུན་ དུས་ཚོད་ཕར་འགྱངས་གནང་དགོ་པའི་ ཞུ་བ་ཚུ་ འབད་ཡོདཔ་ཨིན་པས།

ཚོང་ཁང་བཙུགས་སྡོད་མི་ འཇིགས་མེད་གེ་ཤིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ང་བཅས་ཀྱིས་ གོང་འཕེལ་གྱི་ལཱ་འབད་ནི་ལུ་ གདོང་ལེན་འབདཝ་མིན་པར་ གནས་ཚུལ་དེ་ དེ་འཕྲོ་ལས་ ཐོན་འོང་ནི་དེ་གིས་ བྱ་སྟབས་མ་བདེཝ་ཡོད་ཟེར་ཨིན་པའི་ཁར་ མོ་ར་ ས་གནས་ནང་ སྤོ་བཤུད་འབད་དེ་ ཟླ་༢ སོང་བའི་ཁར་ གཞིས་བཅགས་ཀྱི་དོན་ལུ་ དངུལ་ཀྲམ་༥༠༠,༠༠༠ ཟད་འགྲོ་བཏང་ཡོད་ཟེར་ཨིན་པས།

སའི་ཇོ་བདག་ཚུ་གིས་ འབད་བ་ཅིན་ ཁྲོམ་རྙིངམ་ནང་ བཟོ་སྐྲུན་གྱི་ལཱ་དེ་ ལོ་༢ ཀྱི་ཤུལ་ལས་ཡང་ འགོ་བཙུགས་མི་ཚུགས་ཟེར་ཨིནམ་ད་ ཁོང་གིས་ གནམ་བྱཱར་ལུ་ བཟོ་སྐྲུན་གྱི་ལཱ་ཚུ་ འབདཝ་མི་བདེན་ཟེར་ཨིན་པས།

ཁོང་གིས་ གནས་སྐབས་ཀྱི་ ས་གནས་ནང་ སྦ་སྒོར་རྐྱབ་ནིའི་དོན་ལུ་ ཟད་འགྲོ་ཚུ་སྦོམ་ར་བཏང་ཡོདཔ་ད་ སྦ་སྒོར་ནང་ ས་འོག་ལས་ ཆུ་སིམ་མི་འོང་ནིའི་དོན་ལུ་ རྩི་ས་བླུགས་ཏེ་ བཟོ་དགོཔ་བྱུང་ཡི་ཟེར་ཨིན་པས།

རྫོང་ཁག་གིས་ ང་བཅས་ཀྱི་ ཨ་ལོ་ཚུ་ དྲུང་ཁག་ནང་ སློབ་སྦྱོང་འབད་ཚུགས་ཐབས་ཀྱི་ གྲོགས་རམ་འབད་དོ་ཡོད་རུང་ ང་བཅས་ལུ་ དུས་ཚོད་དགོཔ་བྱུང་ཡི་ཟེར་ཨིནམ་ད་ རྫོང་ཁག་གིས་ ང་བཅས་ཀྱི་སྐྱིད་སྡུ་དེ་ ཧ་གོ་གོཝ་འོང་ཟེར་ དཱི་ལིབ་མུ་ཁའེ་གིས་ བཤདཔ་ཨིན་པས།

ད་ལྟོ་ དྲུང་ཁག་ནང་ སློབ་གྲྭ་ཆེ་བ་མེདཔ་ལས་ གལ་སྲིད་ སློབ་གྲྭ་དེ་བསྒྲུབ་པའི་བསྒང་ལས་ ཉེ་འདབས་ལུ་ཡོད་པའི་ རྒེད་འོག་གསུམ་ ལྷ་མོའི་རྫིང་ཁ་ ཀརྨ་གླིང་ ནི་ཅུ་ལ་གི་ སློབ་ཕྲུག་ཚུ་ལུ་ ཁེ་ཕན་སྦོམ་ར་འབྱུང་ཚུགས་ཟེར་ཨིན་པས།

ཁོ་གིས་ འབད་བ་ཅིན་ མི་སེར་ཚུ་ ནད་ཡམས་ཀོ་བིཌ་-༡༩ འི་ གྱོང་རྒུད་ཕོག་སྟེ་ཡོད་མི་ཚུ་ སངས་དགོཔ་ཡོད་ཟེར་ཨིནམ་ད་ ནད་ཡམས་ཀྱིས་ ཐབས་སྐྱོ་སི་སི་ཅིག་ལུ་ བཟོ་ཡོདཔ་ལས་ ང་བཅས་ཆ་ཁྱབ་ལུ་ སྐྱིན་འགྲུལ་ལེན་ནི་དང་ རིག་རྩལ་ཅན་གྱི་ ལས་མི་འཚོལ་ནིའི་དོན་ལུ་ དུས་ཚོད་དགོཔ་ཡོད་ཟེར་ཨིན་པས།

གཞན་ཡང་ ཀུལ་ཀུ་ལུའི་ས་མཚམས་དེ་ སྒོ་ཕྱེ་ཞིནམ་ལས་ཚུར་ ལྷ་མོའི་རྫིང་ཁ་ཁྲོམ་ཁར་ སྡོད་མི་ཚུ་གི་ཚོང་འབྲེལ་བརྒྱ་ཆ་༦༠ དེ་ཅིག་ མར་བབས་སོང་ཡི་ཟེར་ཨིནམ་ད་ རེས་གཟའ་ཟླཝ་ཨ་རྟག་ར་ སྣུམ་འཁོར་༤༠༠ ལྷགཔ་རེ་ རྒྱ་གར་གྱི་ཁྲོམ་ཁར་ འགྱོཝ་མས་ཟེར་ཨིན་པས།

འགོ་དཔོན་ཚུ་གི་ དོགས་པ་འབད་བ་ཅིན་ ང་བཅས་ཆ་ཁྱབ་ཀྱིས་ གནས་སྐབས་ཀྱི་ ས་ཁོངས་ལས་ ཐོན་འགྱོ་མི་བཏུབ་ནི་བཟུམ་སྦེ་ ཚོར་དོ་ཡོད་རུང་ ང་བཅས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ སྐྱིད་སྡུག་ལུ་ སེམས་ཀྱི་གདིང་ལས་ར་ གུས་ཞབས་བསྐྱེད་དེ་ཡོད་ཟེར་ ཁོ་གིས་བཤདཔ་ཨིན་པས།

སའི་ཇོ་བདག་ ཟླ་བ་ལྷ་མོ་གིས་ འབད་བ་ཅིན་ མོ་གི་སྒྲིང་ཁྱིམ་རྐྱབ་ནིའི་དོན་ལུ་ ཁྱིམ་ཚང་གཅིག་ཁར་ འཁྲིལ་དགོཔ་ཡོདཔ་ལས་ ཁྱིམ་ཚང་གིས་  གྲ་སྒྲིག་ཚུད་མི་དང་ མཉམ་འབྲེལ་འབད་དགོ་ཟེར་ བཀོད་མི་དེ་ཡང་ ས་ཚན་ཆུང་ཀུ་འབད་ནི་དེ་གིས་ སྒྲིང་ཁྱིམ་གཅིག་ཁར་སྦྱར་ཏེ་ རྐྱབ་དགོ་ཟེར་ཨིན་པས།

ཚོང་པ་ སི་བི་གུ་རུང་གིས་ འབད་བ་ཅིན་ གོང་འཕེལ་གྱི་ ལཱ་འབད་ནི་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ལས་ ཁོ་གིས་ ཚོང་འབྲེལ་གྱི་དོན་ལུ་ ས་གནས་གཞན་ཅིག་ནང་ སྤོ་བཤུད་འབད་ནི་ཟེར་ཨིན་པས།

རྫོང་ཁག་བཟོ་རིག་འགོ་དཔོན་ འཇམ་དབྱངས་རྡོ་རྗེ་གིས་ བཤད་མིའི་ནང་ ཁོང་གི་ཁ་ཐུག་ལས་ མི་སེར་གྱི་ སྐྱིད་སྡུག་ཚུ་ཧ་གོ་ཡོད་རུང་ ད་ལྟོ་ གཞུང་འབྲེལ་ལུ་ གཏན་འཁེལ་མེདཔ་ལས་ གནས་སྐབས་ཀྱི་ ཁྲོམ་སྟོངམ་བཏོན་ནི་དེ་ སློབ་གྲྭ་བཟོ་སྐྲུན་གྱི་ལཱ་ འགོ་བཙུགས་མི་དང་འཁྲིལ་ཏེ་ འགྱོ་འོང་ཟེར་ཨིན་སཔ།

སའི་ཇོ་བདག་ཚུ་གིས་ ཁྲོམ་རྙིངམ་ནང་ བཙོག་གཡུར་དང་ གཞི་རྟེན་མཐུན་རྐྱེན་གཞན་གྱི་རིགས་ཚུ་ དགོཔ་སྦེ་སླབ་ཡོདཔ་ལས་ གལ་སྲིད་ ཁྲོམ་ནང་ བཟོ་སྐྲུན་གྱི་ལཱ་འགོ་བཙུགས་པ་ཅིན་ གཞི་རྟེན་མཐུན་རྐྱེན་གྱི་ལཱ་ཚུ་ འགོ་བཙུགས་འོང་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་དབང་འདུས།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *