སྤྱི་ཟླ་༣ པའི་ནང་ རྒྱ་འབྲུག་གི་ སྣུམ་འཁོར་རྒྱུག་འགྲན་ འགོ་བཙུགས་ནི།

༉ འབྲུག་དང་རྒྱ་གར་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་ལམ་གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ བི་ཨེམ་ཨེསི་སི་ཟེར་མི་ བེང་གཱལ་སྣུམ་འཁོར་རྩེད་རིགས་ཚོགས་ཕྲན་གྱིས་ སྤྱི་ཟླ་༣ པའི་སྤྱི་ཚེས་༡༡ ལུ་ འགོ་འདྲེན་ཐོག་ལས་ སྣུམ་འཁོར་རྒྱུག་འགྲན་ཐེངས་༦ པ་དེ་ འགོ་འདྲེན་འཐབ་ནི་ཨིན་པས།
སྣུམ་འཁོར་རྒྱུག་འགྲན་དེ་ཡང་ ནུབ་བེང་གཱལ་གྱི་ ལྟ་བཤལ་བློན་པོ་ གའུ་ཏམ་དེབ་ཀྱིས་སྦེ་ རྒྱ་གར་སི་ལི་གུ་རི་ལས་ འགོ་འབྱེད་ཐོག་ གཏང་ནི་ཨིནམ་བཞིན་དུ་ ལམ་ཀི་ལོ་མི་ཊར་༤༥༠ བདའ་སྟེ་ ཐིམ་ཕུག་ལུ་ ལྷོད་ཚུགས་ཚུགས་ལུ་ ཉིནམ་གསུམ་འགོར་ནི་ཨིན་པས།
བི་ཨེམ་ཨེསི་སིའི་ ཡོངས་ཁྱབ་དྲུང་ཆེན་ ཨ་རུན་ བ་ཊི་ཡ་གིས་འབད་བ་ཅིན་ ཀཱར་རྒྱུག་འགྲན་ནང་ འབྲུག་ལས་སྡེ་ཚན་༡༠ བརྩིས་ཏེ་ སྡེ་ཚན་༤༠ དེ་ཅིག་དང་ ད་རུང་ ཨམ་སྲུའི་སྡེ་ཚན་༥ དེ་ཅིག་གིས་ བཅའ་མར་གཏོགས་ནི་གི་ རེ་བ་ཡོད་ཟེར་ཨིནམ་ད་ དེ་གི་དོན་ལུ་ སྤྱི་ཟླ་༢ པའི་ཚེས་༡༥ ཚུན་ ཡོངས་འབྲེལ་འཆར་སྒོ་ www.bmsckolkata.com ཐོག་ལུ་ ཐོ་བཀོད་འབད་དགོཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དོ་འགྲན་འབད་མི་ཚུ་ཡང་ རྒྱ་གར་གྱི་ ས་གནས་ཆ་མཉམ་ལས་ རྒྱུག་འགྲན་ནང་ བཅའ་མར་གཏོགས་ནི་གི་ རེ་བ་ཡོདཔ་བཞིན་དུ་ དུས་སྟོན་དེ་ མཐར་འཁྱོལ་ཅན་ འབྱུང་ནིའི་དོན་ལུ་ རྒྱུན་ལམ་བཟོ་བཀོད་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།
རྒྱུན་ལམ་བརྟག་ཞིབ་ཐོག་ལས་ འགོ་འདྲེན་པ་ཚུ་གིས་ ས་གནས་ག་ཏེ་ལུ་ལྷོདཔ་ད་ དེད་གཡོགཔ་ཚུ་གིས་ དྲན་པ་བཏོན་དགོཔ་ཨིན་ན་དང་ དེད་གཡོགཔ་ཚུ་ བྱང་སྟོར་མི་ཤོར་ནིའི་དོན་ལས འགྲུན་འཕྲིན་ཡོངས་འབྲེལ་ བདའ་མ་ཟུན་སའི་ ས་གོ་ཚུ་ ངོས་འཛིན་འབད་དགོ་མི་དེ་ཡང་ ཉེན་སྲུང་གི་དོན་ལུ་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།
རྒྱུག་འགྲན་འབད་མི་ཚུ་ལུ་ རྒྱུག་འགྲན་འགོ་མ་བཙུགས་པའི་ཧེ་མ་ ལམ་གྱི་ས་ཁྲ་ཚུ་ སྤྲོདཔ་བཞིན་དུ་ སྣུམ་འཁོར་༡ ནང་ ཕོ་སྐྱེས་༢ ཡོད་མི་ལས་༡ གིས་ སྣུམ་འཁོར་གཏང་ནི་དང་ གཞན་དེ་གིས་ ལམ་སྟོན་འབདཝ་ཨིན་པས།
རྒྱུག་འགྲན་འབད་སའི་ རྒྱུན་ལམ་དེ་ ནགས་ཚལ་སྟུག་དྲགས་དང་ ཆུའི་མཐའམ་ རི་དང་ གཞུང་ལམ་ ལམ་ཧ་ཀ་ཧོ་ཀ་ཚུ་བདའ་སྟེ་ཡོདཔ་ད་ རྒྱུག་འགྲན་པ་ཚུ་དང་གཅིག་ཁར་ ནད་འཁོར་དང་ སྲོག་སྐྱབས་འབད་མི་སྡེ་ཚན་ཚུ་ འགྱོ་ནི་ཨིན་པས།
རྒྱུག་འགྲན་དེ་ ཆུའི་མཐའམ་བདའ་སྟེ་ འབད་དགོཔ་ཡོདཔ་ལས་ གལ་སྲིད་ སྣུམ་འཁོར་ཀཱར་ཅིག་ ཐོགས་ལུས་པ་ཅིན་ སྲོག་སྐྱབས་འབད་མི་སྡེ་ཚན་གྱིས་ ཆ་རོགས་འབད་འོང་ཟེར་ ཨ་རུན་ བ་ཊི་ཡ་གིས་ བཤད་ཡོདཔ་ད་ བི་ཨེམ་ཨེསི་སི་ལས་ འགོ་དཔོན་སྡེ་ཚན་ཅིག་གིས་ ཐིམ་ཕུག་ལུ་ སྤྱི་ཟླ་༡ པའི་ཚེས་༢༢ ལུ་ རྒྱུག་འགྲན་གྱི་ རྒྱུན་ལམ་བརྟག་ཞིབ་མཇུག་བསྡུ་ཡོདཔ་ཨིན་པས།
ཐིམ་ཕུག་ལུ་ཡོད་མི་ འབྲུག་དང་ རྒྱ་གར་མཐུན་འབྲེལ་ཚོགས་པ་དང་ རྒྱ་གར་ནིའུ་ལྡི་ལི་ལུ་ཡོད་མི་ རྒྱ་གར་དང་ འབྲུག་གི་མཐུན་འབྲེལ་ཚོགས་པ་ དེ་ལས་ འབྲུག་རྩེད་རིགས་ཚོགས་སྡེ་ཚུ་ དུས་སྟོན་ནང་ འབྲེལ་གཏོགས་འབདཝ་ཨིན་པས།
རྒྱུག་འགྲན་དེ་ སྤྱི་ཟླ་༣ པའི་ཚེས་༡༣ ལུ་ ཐིམ་ཕུག་ལུ་སྦེ་ གསོལ་རས་ཚུ་གནང་སྟེ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཀུན་བཟང་སྒྲོལ་མ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *