སྤྱི་ཟླ་༡༠ པའི་ནང་ ལམ་ཡིག་དེབ་ཆུང་༥༠,༠༠༠ དེ་ཅིག་ རྒྱལ་ཁབ་ནང་ལྷོད་ནི།

༉ ཕྱི་འབྲེལ་ལྷན་ཁག་གི་ ལམ་ཡིག་སྡེ་ཚན་གྱིས་ ཇཱར་མ་ནི་རྒྱལ་ཁབ་ནང་ལས་ ལམ་ཡིག་དེབ་ཆུང་༥༠,༠༠༠ དེ་ཅིག་ སྤྱི་ཟླ་༡༠ པའི་ནང་ རྒྱལ་ཁབ་ནང་ འབག་འོང་ནི་ཨིན་པས།

ད་ལྟོ་རྒྱལ་ཁབ་ནང་ ལམ་ཡིག་དེབ་ཆུང་ལངམ་སྦེ་མེདཔ་ལས་ ལམ་ཡིག་སྡེ་ཚན་གྱིས་ རྒྱུན་འབྲེལ་འཐབ་ཆོག་པའི་ འགྲུལ་སྐྱོད་ཡིག་ཆ་ཚུ་ སྤྱི་ཟླ་༨ པའི་ཚེས་༢༠ ལས་ ཞབས་ཏོག་ བྱིན་ཡོདཔ་ལས་ སྤྱི་ཟླ་༩ པའི་ཚེས་༡༩ ཚུན་ འགྲུལ་སྐྱོད་ཡིག་ཆ་༢,༨༥༤ སྤྲོད་ཡོདཔ་ཨིན་པས།

ལམ་ཡིག་སྡེ་ཚན་ལས་ གཙོ་འཛིན་འགོ་དཔོན་ ཚེ་དབང་རྡོ་རྗེ་ཊི་གིས་ སླབ་མིའི་ནང་ ལམ་ཡིག་པར་སྐྲུན་འབད་མི་ ཇཱར་མ་ནི་ལས་སྡེ་གིས་ སྤྱི་ཟླ་༡༠ པའི་ནང་ མཁོ་སྤྲོད་འབད་ནི་སྦེ་ ཁ་བཟེད་ཡོདཔ་ལས་ དེ་གིས་ ལོ་༣ དེ་ཅིག་ལང་ཚུགས་ཟེར་ཨིན་པས།

ལམ་ཡིག་སྡེ་ཚན་གྱིས་ སྤྱིར་བཏང་འཆང་སྤྱོད་འབད་མི་ ལམ་ཡིག་འཐོབ་ཞིནམ་ལས་ སྡེ་ཚན་གྱིས་ ཧེ་མ་ ལམ་འགྲུལ་གྱི་དོན་ལུ་ འགྲུལ་སྐྱོད་ཡིག་ཆ་བཟོ་མི་ཚུ་ བརྗེ་སོར་འབད་ནིའི་ དང་འདོད་དང་འཁྲིལ་ ཞབས་ཏོག་བྱིན་ནི་ཟེར་ཨིནམ་ལས་ བརྗེ་སོར་འབད་ནིའི་རྒྱུ་མཚན་དང་སྦྲགས་ཏེ་ ལོག་ཡི་གུ་བཙུགས་དགོ་ཟེར་ གཙོ་འཛིན་གྱིས་ བཤདཔ་ཨིན་པས།

འདས་པའི་ཟླཝ་༥ འི་ནང་འཁོད་ ལམ་ཡིག་༡༩,༠༠༠ དེ་ཅིག་ ཞབས་ཏོག་སྤྲོད་ཡོདཔ་མ་ཚད་ ལམ་འགྲུལ་འབད་ཆོག་པའི་ ཡིག་རིགས་༢,༨༥༤ ཚུ་ ཡིག་ཚང་གི་དུས་ཚོད་དང་འཁྲིལ་ ཉིནམ་༢༠ འི་ནང་ སྤྲོད་ཡོདཔ་ཨིན་པས།

གཙོ་འཛིན་འགོ་དཔོན་ ཚེ་དབང་རྡོ་རྗེ་ཊི་གིས་ སླབ་མིའི་ནང་ ལམ་ཡིག་སྡེ་ཚན་གྱིས་ དུམ་གྲ་རེ་ ལཱ་འབད་ནི་ལུ་ ལྷོད་འགྱངས་སྦེ་ལུས་མི་ཚུ་ མཇུག་བསྡུ་ཡི་ཟེར་ཨིན་པས།

ལམ་ཡིག་སྡེ་ཚན་གྱིས་ སྤྱིར་བཏང་ལམ་ཡིག་ནང་ ཆ་གནས་ཡོད་པའི་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཐོག་ལས་ བརྗེ་སོར་འབད་ནི་དང་ འདས་པའི་ཟླཝ་ཚུ་ནང་ ལམ་འགྲུལ་འབད་ཆོག་པའི་ ལམ་ཡིག་སྤྲོད་མི་ཚུ་གིས་ སྤྱིར་བཏང་ལམ་ཡིག་བརྗེ་སོར་འབད་མི་ལུ་ ཟད་འགྲོ་ཐེབས་སྤྲོད་དགོ་པའི་སྐོར་ལས་ གྲོས་ཐག་བཅད་འོང་ཟེར་ཨིན་པས།

འདས་པའི་ལོ་ནང་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མི་ ཨྱོན་སྒྲོལ་མ་གིས་ ཨཱསི་ཊི་ལེ་ཡ་ལུ་ མཐོ་རིམ་གོང་མའི་ཤེས་ཡོན་སྦྱང་ནིའི་དོན་ལུ་ འགྲུལ་སྐྱོད་ཡིག་ཆ་ལེན་མི་དེ་ སྤྱིར་བཏང་ལམ་ཡིག་དང་ བརྗེ་སོར་འབད་ནི་ཨིན་མི་དེ་ཡང་ སྤྱིར་བཏང་ལམ་ཡིག་དེ་ ལོ་༡༠ ཚུན་ བསྐྱར་གསོ་འབད་མི་དགོ་པས་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ གལ་སྲིད་ འགྲུལ་སྐྱོད་ཡིག་ཆ་ཚུ་ སྤྱིར་བཏང་ལམ་ཡིག་དང་ བརྗེ་སོར་འབད་ནིའི་ རེ་འདོད་ཡོད་པ་ཅིན་ འབྲུག་གི་མི་ཁུངས་ལུ་ བརྗེ་སོར་འབད་བའི་འཐུས་ ལོགས་སུ་སྦེ་ ལེན་ནི་མི་འོང་ཟེར་ཨིན་པས།

ལམ་ཡིག་དེབ་ཆུང་རེ་ལུ་ དངུལ་ཀྲམ་༧༠༠ གནས་མི་དེ་ བཟོ་སྐྲུན་དང་ སྐྱེལ་འདྲེན་གྱི་འཐུས་བརྩིས་ཏེ་ཨིན་པས།

དེ་བཟུམ་སྦེ་ འབྲུག་ལུ་ སྤྱིར་བཏང་ལམ་ཡིག་ ཡང་ཅིན་ འགྲུལ་སྐྱོད་ཡིག་ཆ་དོན་ལུ་ དངུལ་ཀྲམ་༡,༠༠༠ གནས་མི་དེ་ བདག་སྐྱོང་དང་འབྲེལ་བའི་ འཐུས་ཚུ་རྩིས་ཏེ་ཨིན་པས།

འོས་འབབ་དང་འཁྲིལ་ ལམ་ཡིག་སྡེ་ཚན་གྱིས་ སྤྱིར་བཏང་ལམ་ཡིག་དང་ བརྗེ་སོར་འབད་འདོད་ཡོད་མི་ཚུ་ལུ་ འཐུས་ཉུང་བའི་ཐོག་ལས་ སྤྲོད་དགོ་རུང་ སྤྲོད་ནི་ཨིན་ཟེར་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ འཇམ་དཔལ་རྡོ་རྗེ་གིས་ སླབ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *