སྤྱི་ཟླ་༡༠ པ་ལས་འགོ་བཙུགས་ གློག་མེའི་སྤྱོད་འཐུས་གསརཔ་ ལག་ལེན་འཐབ་ནི།

༉ འབྲུག་གློག་མེ་ལས་འཛིན་གྱིས་ སྤྱི་ཟླ་༡༠ པ་ལས་འགོ་བཙུགས་ གློག་མེའི་སྤྱོད་འཐུས་གསརཔ་ ལག་ལེན་འཐབ་ནི་ཨིན་མི་དེ་གིས་ གུང་པ་༡༩༧,༠༠༠ ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
གཞུང་གིས་ གྲོང་གསེབ་ཀྱི་དོན་ལུ་ གློག་ཤུགས་ཡུ་ནིཊ་༡༠༠ གི་འཐུས་ཡངས་ཆག་གནང་མི་དེ་ རང་འཇགས་བཞག་པའི་ཁར་ གླིང་བཞི་དང་ ལ་ཡ་ མེ་རག་ སག་སྟེང་ལུ་ སྡོད་མི་ཚུ་གི་དོན་ལས་ གློག་ཤུགས་ཡུ་ནིཊ་༢༠༠ ལུ་འཐུས་ཡངས་ཆག་གནང་ནི་ཨིན་པས།
ཁ་ཙ་ གནས་ཚུལ་གསར་བཏོན་འཚོགས་པའི་སྐབས་ བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ བཤད་མིའི་ནང་ མི་སེར་རེ་རེ་བཞིན་དུ་གིས་ རང་བཞིན་གནས་སྟངས་ལས་ ཐོན་སྐྱེད་འབད་མི་ གློག་མེའི་མཐུན་རྐྱེན་ སྤྱི་སྙོམས་སྤྱོད་ནིའི་དོན་ལུ་ རྩ་ཁྲིམས་ཆེན་མོ་དང་ མི་དབང་མངའ་བདག་རིན་པོ་ཆེའི་དགོངས་བཞེད་ དེ་ལས་ གཞུང་གི་དམིགས་གཏད་ ཡོདཔ་དང་མེད་པའི་ཁྱད་པར་ ཉུང་སུ་བཟོ་ཐབས་ལུ་ ལོ་༣ གྱི་ནང་འཁོད་ གློག་མེའི་ཐོན་སྐྱེད་སྤྱོད་ནི་ལུ་ འཐུས་ཕབ་ཆག་གནང་ཡི་ཟེར་ ཨིན་པས།
དཔལ་འབྱོར་གོང་འཕེལ་གཏང་ནི་དང་ དབུལ་ཕོངས་གྱི་དཀའ་ངལ་བསལ་ནི་ སོ་ནམ་དང་བཟོ་གྲྭ་ཆུང་བ་ཚུ་ རྒྱ་སྐྱེད་གཏང་ནིའི་དོན་ལུ་ གཞུང་གིས་ གྲོགས་རམ་ཐོག་ལས་ གློག་མེའི་སྤྱོད་འཐུས་ཕབ་ཆག་གནང་མི་དེ་ལུ་ ཞིབ་འཚོལ་མཐིལ་ཕྱིན་འབད་ཡི་ཟེར་ ཨིན་པས།
བློན་པོ་དང་འཁྲིལ་བ་ཅིན་ གཞུང་གིས་ གྲོགས་རམ་ཐོག་ལས་ འཐུས་ཕབ་ཆག་འབདཝ་ད་ གློག་མེའི་མ་རྩ་གཞི་བཙུགས་དང་ དཔལ་འབྱོར་ གཞུང་ལུ་ མ་དངུལ་ག་དེམ་ཅིག་གནསཔ་ཨིན་ན་ མ་འོངས་པའི་གནས་སྟངས་ཚུ་ བརྟག་ཞིབ་འབད་ཡི་ཟེར་ཨིན་པས།
བཙོག་རླུང་མར་ཕབ་དང་ བཟོ་གྲྭ་ཆུང་བ་རྒྱ་སྐྱེད་འབད་ནི་ མི་སེར་ཚུ་གིས་ གློག་ཤུགས་ཐོག་ལས་ བཞེས་སྒོ་འབད་ནི་དང་ ཁྱིམ་དྲོད་བཏག་ནི་ དེ་ལས་ གློག་ཤུགས་སྣུམ་འཁོར་ མཁོ་འདོད་བསྐྱེད་ཐབས་ཚུ་ གཞུང་གིས་ ཁས་བླངས་གསལ་བསྒྲགས་འབད་མི་དང་འཁྲིལ་ཏེ་ ཨིན་ཟེར་ཨིན་པས།
དེ་འབདཝ་ལས་ གློག་ཤུགས་ཉུང་སུ་དང་ མཐོ་སུ་སྦེ་ ལག་ལེན་འཐབ་མི་༢ བསྡོམས་ཏེ་ གཞུང་གིས་ ལོ་བསྟར་བཞིན་དུ་ འཐུས་དངུལ་ཀྲམ་༡,༤༧༨.༥༧ གྲོགས་རམ་གནང་སྟེ་ འབྲུག་གློག་མེ་ལས་འཛིན་ལུ་ བཏབ་ནི་ཨིན་ཟེར་ བློན་པོ་གིས་ བཤད་ཅི།
བློན་པོ་དང་འཁྲིལཝ་ད་ ལ་མཐོ་སར་སྡོད་མི་ཚུ་ལུ་ འཐུས་ཡངས་ཆག་གནང་མི་དེ་ཡང་ གནམ་གཤིས་བསིལ་དྲགས་ནང་ དཀའ་སྡུག་མྱོང་དགོ་ནི་དེ་གིས་ བཞེས་སྒོ་འབད་ནི་དང་ ཁྱིམ་དྲོད་བཏག་ནིའི་དོན་ལུ་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་ཉེན་ཡོད་མི་ ཐབ་ཤིང་ལག་ལེན་འཐབ་མ་དགོ་པའི་དོན་ལུ་ ཞབས་ཏོག་སྦེ་ བྱིན་ནི་ཨིན་ཟེར་ ཨིན་པས།
གློག་ཤུགས་ཉུང་སུ་སྦེ་ ལག་ལེན་འཐབ་མི་ ཁྱིམ་དབྱེ་ཁག་༢ པའི་དོན་ལུ་ གློག་ཤུགས་ཡུ་ནིཊ་༡༠༠ ལས་༣༠༠ འབད་མི་དེ་ ད་རིས་ལས་ ཡུ་ནིཊ་༡༠༠ ལས་༥༠༠ ཚུན་ ཡར་སེང་འབད་ཡོད་རུང་ འཐུས་ཀྱི་ཐད་ཁར་ ཡར་སེང་མེད་པར་ ཨ་རྟག་ག་ཨིནམ་སྦེ་ར་ བཞག་ནུག།
དེ་ཡང་ ཡུ་ནིཊ་རེ་ལུ་ འཐུས་དངུལ་ཀྲམ་༢.༦༨ གནས་ནི་དང་ ཁྱིམ་དབྱེ་ཁག་༣ པའི་གནས་ཚད་ལུ་ ཡུ་ནིཊ་༥༠༠ ཡན་ཆད་འབད་མི་ཚུ་ལུ་ ཡུ་ནིཊ་རེ་ལུ་ འཐུས་དངུལ་ཁྲམ་༣.༥༣ གནསཔ་ཨིན་པས།
གཞུང་གིས་ ཁྱིམ་དབྱེ་ཁག་༢ པ་དང་ ཁྱིམ་ཆུང་དང་ བཟོ་གྲྭ་ཁང་ཆུང་བ་ཚུ་ གོང་འཕེལ་གཏང་ནི་དང་ ལས་འགུལ་ཆུང་བ་ གཞི་བཙུགས་འབད་ནི་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་སྤྲོད་ཐབས་ དེ་ལས་ གྲོང་གསེབ་ལས་ ཁྲོམ་ཁ་ལུ་གནས་སྤོ་མི་ མར་ཕབ་འབད་ནིའི་དོན་ལུ་ གློག་ཤུགས་ཡུ་ནིཊ་ཡར་སེང་འབད་མི་དང་ འཐུས་མར་ཕབ་འབད་མི་དེ་ འཆར་གཞི་༡༢ པའི་དམིགས་དོན་དང་འཁྲིལ་ཨིན་ཟེར་ བློན་པོ་གིས་ སླབ་ཨིན་པས།
འབྲུག་གློག་མེ་ལས་འཛིན་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ལས་ འགོ་དཔོན་ཚུ་དང་འཁྲིལཝ་ད་ གཞུང་གིས་ འཐུས་ཡངས་ཆག་དང་ གློག་ཤུགས་ཡུ་ནིཊ་ཡར་སེང་འབད་མི་དེ་གིས་ ཁྲོམ་སྡེ་ནང་སྡོད་མི་ ཉམ་ཆུང་ཚུ་གི་ རེ་འདོད་འགྲུབ་ཐབས་དང་ ལྷག་པར་དུ་ མི་མང་གིས་ གློག་ཤུགས་ཚད་དང་ལྡནམ་སྦེ་ སྤྱོད་དགོ་ནི་ དེ་ལས་ གློག་ཤུགས་ལུ་བརྟེན་པའི་ འཕྲུལ་རིག་ཚུ་ ལོངས་སྤྱོད་ཐབས་ལུ་ཨིན་ཟེར་ ཨིན་པས།
འབྲུག་གློག་མེ་ལས་འཛིན་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༣ ལུ་ གྲོང་གསེབ་མི་སེར་ཚུ་གི་དོན་ལུ་ གློག་ཤུགས་ཡུ་ནིཊ་༡༠༠ འཐུས་ཡངས་ཆག་གནང་མི་དེ་ འབྲུག་གློག་མེ་ལས་འཛིན་གྱིས་ ཁྲོམ་སྡེ་ནང་སྡོད་མི་ཚུ་ལུ་ འཐུས་ཡར་སེང་སྦེ་ བཀལ་ནུག་ཟེར་ ཁ་ཉེས་བཀལ་མི་དེ་ མི་བདེན་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་གློག་མེ་ལས་འཛིན་གྱིས་ གློག་ཤུགས་ཕྱིར་བཙོང་འཐབ་མིའི་འཐུས་ དམའ་སུ་བཀོད་མི་དེ་ རྩིས་རྐྱབ་ཞིནམ་ལས་ ནང་འཁོད་ལག་ལེན་འཐབ་མི་ཚུ་ལུ་ འཐུས་མཐོ་སུ་སྦེ་ བཀལ་ནུག་ཟེར་བའི་ བསམ་འཆར་བཀོད་མི་ཚུ་ཡང་ མི་བདེན་ཟེར་ བཤདཔ་ཨིན་པས།
གལ་སྲིད་ གཞུང་གིས་ འཐུས་ཡངས་ཆག་མ་གནང་པ་ཅིན་ མི་སེར་ཚུ་གིས་ གློག་ཤུགས་ཡུ་ནིཊ་རེ་ལུ་ ད་རིས་བ་༣ ལྟབ་དང་༤ ལྟབ་སྦེ་ ཕོག་འོང་ཟེར་ ཨིན་པས།
གཞུང་གིས་ འཐུས་དགོངས་ཡངས་མེད་མི་ གློག་ཤུགས་ཉུང་སུ་ལག་ལེན་འཐབ་མི་ཚུ་ལུ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༥.༠༦ རེ་ཕོག་དོ་ཡོདཔ་བཞིན་དུ་ གློག་ཤུགས་དམའ་སུ་སྦེ་ ལག་ལེན་འཐབ་མི་ཚུ་ལུ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༥.༡༥ ཕོག་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *