སྤྱི་ཚོགས་ལྷན་བཞུགས་ནང་ འབྲུག་གི་ ཞི་བའི་ཉེས་འཁྲི་དཔྱད་ཡིག་གུ་ གསུང་གྲོས་གནང་ནི།

༉ རྒྱལ་ཡོངས་ཚོགས་སྡེའི་ གནས་ཡུན་༣ པའི་ནང་ འབྲུག་གི་ ཞི་བའི་ཉེས་འཁྲི་དཔྱད་ཡིག་གུ་ གསུང་གྲོས་གནང་སྟེ་ ཆ་འཇོག་འགྲུབ་མ་ཚུགས་པར་ སྤྱི་ཚོགས་ལྷན་བཞུགས་ནང་ གསུང་གྲོས་གནང་དགོཔ་བྱུང་མི་དེ་ འགོ་ཐོག་དང་པ་ཨིན་པས།

དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ཚོགས་བཞུགས་ནང་ ཁྲི་འཛིན་འོགམ་ འཇིགས་མེད་དབང་ཕྱུག་གིས་ འཚོགས་གཙོ་འབད་ཡོདཔ་ད་ ཁོ་གིས་ ཞུ་མིའི་ནང་ དཔྱད་ཡིག་དེ་ ཚོགས་བཞུགས་༢༩ པའི་ནང་ ཚོགས་སྡེའི་ཁྲིམས་བཟོ་ཚོགས་ཆུང་གིས་ སྒེར་གྱི་དཔྱད་ཡིག་ཅིག་སྦེ་ ཟིན་བྲིས་བཏབ་སྟེ་ ཚོགས་ཆུང་གིས་ ཕྱག་ལཱ་མཛད་ཞིནམ་ལས་ ཚོགས་ཁང་ནང་ ཕུལ་བའི་ཤུལ་ལས་ གསུང་གྲོས་རྒྱས་ཤིང་རྒྱསཔ་སྦེ་གནང་སྟེ་ རྒྱལ་ཡོངས་ཚོགས་འདུ་ལུ་ ཕུལ་ཡི་ཟེར་ཨིན་པས།

རྒྱལ་ཡོངས་ཚོགས་འདུ་གིས་ གསུང་གྲོས་གནང་ཞིནམ་ལས་ བསྐྱར་གྲོལ་གསུང་གྲོས་གནང་ནིའི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེའི་ནང་ ལྷོད་ཡོདཔ་ཨིན་པས།

རྒྱལ་ཡོངས་ཚོགས་སྡེའི་ གསུང་གྲོས་མཛད་རིམ་ཡང་ མཇུག་ཨིནམ་ལས་ རྒྱལ་རབས་བཟུམ་ཅིག་སྦེ་ ཚུད་ནི་མས་ཟེར་ཨིནམ་ད་ དེ་ཡང་ རྒྱལ་ཡོངས་ཚོགས་སྡེ་གིས་ དཔྱད་ཡིག་གི་དོན་ཚན་༡༦༩ ཕུལ་མི་དེ་ ཚོགས་འདུ་གིས་ འཕྲི་སྣོན་དང་ བསྒྱུར་བཅོས་འབད་ཐོག་ དོན་ཚན་༡༧༠ འཁོད་དེ་ ལོག་འོང་མི་དེ་ ཧེ་མར་ དེ་བཟུམ་མ་འབྱུང་ནི་དེ་གིས་ ད་རེས་ འགོ་ཐོག་བྱུངམ་ཨིན་ཟེར་ ཁྲི་འཛིན་འོགམ་ འཇིགས་མེད་དབང་ཕྱུག་གིས་ཞུ་ཡི།

དེ་བཟུམ་སྦེ་ དཔྱད་ཡིག་གི་ སྨོན་ཚིག་ནང་འབད་རུང་ ཧེ་མ་འབད་བ་ཅིན་ ཚོགས་སྡེ་གིས་ ག་ཕུལ་མི་དེ་ ཆ་གནས་འབད་ཡོདཔ་ཨིན་རུང་ ད་རེས་ཀྱི་ཐད་ཀར་ སྨོན་ཚིག་ཡང་ སྤྱི་ཚོགས་ལྷན་བཞུགས་ནང་ གསུང་གྲོས་གནང་དགོཔ་སྦེ་ བྱུངམ་ད་ རྒྱལ་རབས་ནང་ ཚུདཔ་ཨིན་ཟེར་ཞུ་ཡི།

གནད་དོན་གཞན་མི་དེ་ སྤྱི་ཚོགས་ལན་ཐེངས་༣ ནང་ གསུང་གྲོས་ག་ཅི་ར་གནང་རུང་ གནས་ཡུན་གཅིག་ནང་ར་ གསུང་གྲོས་མཇུག་བསྡུཝ་ཨིན་རུང་ ད་རེས་ ཞི་བའི་ཉེས་འཁྲི་གི་གསུང་གྲོས་དེ་ གནས་ཡུན་༣ པའི་ ཚོགས་སྡེའི་འཐུས་མི་ཚུ་གིས་ འགོ་བཙུགས་ཡོདཔ་ཨིན་རུང་ མཇུག་བསྡུ་ནིའི་འགན་ཁུར་དེ་ སྤྱི་ཚོགས་ལྷན་བཞུགས་ནང་ གནས་ཡུན་༣ པའི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསརཔ་ཚུ་ལུ་ གོ་སྐབས་ཐོབ་ཨིན་ཟེར་ཨིན་པས།

དེ་ལུ་ གཞི་བཞག་པ་ཅིན་ རྒྱལ་ཡོངས་ཚོགས་སྡེ་དེ་ གཏན་འཇགས་ཀྱི་ཚོགས་ཁང་ཨིན་པའི་ བརྡ་མཚོན་སྟོནམ་མས་ཟེར་ ཁྲི་འཛིན་འོགམ་ འཇིགས་མེད་དབང་ཕྱུག་གིས་ཞུ་ཡི།

དེ་གི་ཤུལ་ལས་ ཁྲིམས་བཟོ་ཚོགས་ཆུང་གི་ ཁྲི་འཛིན་དང་ རྩི་རང་གི་འཐུས་མི་ ཌཱན་ཀུ་མར་ སཱན་ཝར་གྱིས་ ཞུ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ དོན་ཚན་༡༦༩ ཕུལ་མི་དེ་ ཚོགས་འདུ་གིས་ འཕྲི་སྣོན་དང་ སྒྱུར་བཅོས་འབད་ཐོག་ དོན་ཚན་༡༧༠ འཁོད་དེ་ ལོག་རྒྱལ་ཡོངས་ཚོགས་སྡེ་ལུ་ ལྷོད་མི་ལས་ དོན་ཚན་༡༠༡ དེ་ཅིག་ལུ་ ཚོགས་ཆུང་གིས་ ངོས་ལེན་འབད་མ་ཚུགས་ཟེར་ཨིན་པས།

དེ་འབདཝ་ལས་ ཚོགས་ཆུང་གིས་ རྒྱལ་ཡོངས་ཚོགས་སྡེ་གིས་ ཆ་འཇོག་གྲུབ་སྟེ་ རྒྱལ་ཡོངས་ཚོགས་འདུ་ལུ་ཕུལ་མི་ རང་འཇགས་བཞག་སྟེ་ རྒྱལ་ཡོངས་ཚོགས་འདུ་གིས་ འཕྲི་སྣོན་དང་ སྒྱུར་བཅོས་འབད་མི་ཚུ་ ངོས་ལེན་འབད་མ་ཚུགས་ཟེར་ སྙན་ཞུ་འབད་ཡི།

ཚོགས་ཆུང་གི་ ཁྲི་འཛིན་གྱིས་ ཞུ་མིའི་ནང་ ཚོགས་ཆུང་གིས་ ངོས་ལེན་མཛད་མ་ཚུགས་མི་དེ་ གྱོང་འཐུས་དང་ རྒུད་འཐུས་སྤྲོད་ལེན་གྱི་དོན་ཚན་འཁོད་མི་ཚུ་ རྒྱལ་ཡོངས་ཚོགས་འདུ་གིས་ ཕྱིར་དབྱུང་འབད་མི་དོན་ཚན་ཚུ་ རང་འཇགས་སྦེ་བཞག་དགོ་པའི་ གྲོས་འདེབས་ཨིན་ཟེར་ཨིན་པས།

ཞི་བའི་ཉེས་འཁྲི་དཔྱད་ཡིག་དེ་ དམིགས་དོན་གཙོ་བོ་ར་ བག་གཡེང་དང་ སྣང་མེད་ཀྱི་བྱ་བ་ཚུ་ བཀག་ཐབས་འབད་ནི་དང་ གལ་སྲིད་ བག་གཡེང་དང་ སྣང་མེད་ཀྱི་བྱ་བ་ལུ་བརྟེན་པའི་ མི་དང་རྒྱུ་དངོས་གང་རུང་ལུ་ གནོད་ཉེན་འབྱུང་པ་ཅིན་ འཚོལ་བ་པོ་ལུ་ ཉེས་པ་འཁྲི་བའི་འགན་འཁྲི་བཀལ་ཏེ་ ཉམས་རྒུདཔ་ལུ་ འོས་ལྡན་གྱི་གྱོང་འཐུས་དང་ རྒུད་འཐུས་ནིའི་ལམ་ལུགས་གུ་ གཞི་བཟུང་མི་ལུ་བརྟེན་ཨིན་ཟེར་ ཞུ་ཡི།

དེ་འབད་ནི་འདི་གིས་ གྱོང་འཐུས་དང་ རྒུད་འཐུས་སྤྲོད་ལེན་གྱི་ དོན་ཚན་གྱི་དཔྱད་ཡིག་དེ་ མེད་ཐབས་མེདཔ་ཅིག་སྦེ་ བརྩི་ཡི་ཟེར་ཞུ་ཡི།

དེ་ལུ་བརྟེན་ ཁྲིམས་བཟོ་ཚོགས་ཆུང་གི་ ཁ་ཐུག་ལས་འབད་བ་ཅིན་ དོན་ཚན་ཚུ་ ཨིན་ཅི་མིན་ཅི་ རྒྱལ་ཡོངས་ཚོགས་སྡེ་གིས་ ཆ་འཇོག་གྲུབ་སྟེ་ རྒྱལ་ཡོངས་ཚོགས་འདུ་ལུ་ ཕུལ་མི་དོན་ཚན་ཚུ་ རང་འཇགས་བཞག་ཡོདཔ་ཨིན་ཟེར་ ཁྲི་འཛིན་གྱིས་ ཞུ་ཡི།

ཁོ་གིས་ ཞུ་མིའི་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ དོན་ཚན་ཚུ་ ཕྱིར་དབྱུང་འབད་མི་དེ་ གཙོ་བོ་ར་ རྫོང་ཁག་དང་ ཨིང་ལིཤ་སྐད་ཡིག་༢ ཚིག་གི་བསྒྱུར་བཅོས་འབད་དགོཔ་ རེ་གཉིས་ཐོན་མི་ལུ་བརྟེན་ ཨིན་མས་ཟེར་ཞུ་ཡི།

ཁོ་གིས་ དོགས་སེལ་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཞུ་དོ་བཟུམ་འབད་བ་ཅིན་ དཔྱད་ཡིག་གི་ཚིག་ཚུ་ རྩ་ཁྲིམས་ཆེན་མོ་དང་ འབྲུག་ཉེས་འགེལ་ཁྲིམས་དེབ་ དེ་ལས་ འབྲུག་ཞི་རྩོད་དང་གནད་རྩོད་བྱ་བའི་གནད་སྤྱོད་ནང་ཡོད་པའི་ མིང་ཚིག་དང་ བྱ་ཚིག་ཚུ་ལུ་ གཞི་བཞག་ཡི་ཟེར་ཨིན་པས།

རྒྱལ་ཡོངས་ཚོགས་སྡེའི་ཚོགས་ཐེངས་༣༠ པའི་ ཚོགས་བཞུགས་༡༩ པའི་ནང་ ཚོགས་ཆུང་གིས་ སྒེར་གྱི་དཔྱད་ཡིག་སྦེ་ འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་༢༠༢༢ ཅན་མ་དེ་ བསྐྱར་འགྲོལ་གསུང་གྲོས་དེ་ མཇུག་བསྡུཝ་ཨིན་ཟེར་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་འོགམ་ འཇིགས་མེད་དབང་ཕྱུག་གིས་ ཞུ་ཡི།

མ་གཞི་ དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་སྡེའི་གནས་ཡུན་༣ པའི་ འཐུས་མི་གིས་ འགོ་བཙུགས་ཡོདཔ་ཨིན་རུང་ མཇུག་བསྡུ་ནི་ཐད་ཀར་ རྒྱལ་ཡོངས་ཚོགས་སྡེའི་གནས་ཡུན་༤ པ་སྦེ་ བཙག་འཐུ་འགྲུབ་མི་འཐུས་མི་ཚུ་གིས་ ཆ་འཇོག་འགྲུབ་ནི་ཨིནམ་ལས་ ཨ་རྟག་དང་མ་འདྲཝ་ཅིག་སྦེ་ སོང་ཡི་ཟེར་ ཁྲི་ཐོག་ཁ་ལས་ ཁྲི་འཛིན་གྱིས་ཞུ་ཡི།

དཔྱད་ཡིག་དེ་ སྤྱི་ཚོགས་ལྷན་བཞུགས་ནང་ གསུང་གྲོས་གནང་ནིའི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ བཀའི་གནང་བ་ཞུ་ནིའི་དོན་ལུ་ ཚོགས་ཁང་ནང་ བསྡོམས་འཐུས་མི་༢༠ ཡོད་མི་ག་ར་གིས་དགོཔ་སྦེ་ ངོས་ལེན་འབད་དེ་ ཚོགས་རྒྱན་བཙུགས་ཡི།

ཚོགས་གཙོ་སྦེ་མཛད་མི་ ཁྲི་འཛིན་འོགམ་ འཇིགས་མེད་དབང་ཕྱུག་གིས་ ཞུ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་དེ་ གཏན་འཇགས་ཀྱི་ ཚོགས་ཁང་ཅིག་ཨིནམ་ལས་ དཔྱད་ཡིག་དེ་གིས་སྦེ་ རྒྱལ་ཡོངས་ཚོགས་སྡེའི་གནས་ཡུན་༤ པའི་ འཐུས་མི་ཚུ་གིས་སྦེ་ འཕྲོ་མཐུད་དེ་ སྤྱི་ཚོགས་ལྷན་བཞུགས་ནང་ གསུང་གྲོས་གནང་ནིའི་ གོ་སྐབས་ཐོབ་མི་དེ་ རྟེན་འབྲེལ་བཟང་ཡི་ཟེར་ཨིན་པས།

ད་རེས་ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་མང་ཤོས་ཅིག་གིས་ ལོག་སྟེ་ར་ བཙག་འཐུའི་ནང་ བཅའ་མར་གཏོགས་ནི་ཨིནམ་ལས་ བཙག་འཐུ་འགྲུབ་མི་ འཐུས་མི་ཚུ་གིས་ འཕྲོ་མཐུད་དེ་ར་ གསུང་གྲོས་གནང་ཚུགས་པའི་ བཀྲིས་ལེན་སྨོན་ཡོདཔ་སྦེ་ ཁྲི་འཛིན་འོགམ་ འཇིགས་མེད་དབང་ཕྱུག་གིས་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *