སྤྱི་ཚོགས་ལུ་ ཁྲིམས་ཀྱི་དོན་འགྲེལ་ཞུ་ནིའི་ དབང་ཚད་ཡོདཔ་ཨིན་ན?

༉ བདུན་ཕྲག་འདི་ནང་ རྒྱལ་ཡོངས་ཚོགས་འདུ་ནང་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ སྙན་ཞུ་མེན་པར་ ཏི་རུའི་དཔྱད་ཡིག་སྦེ་ ཆ་འཇོག་གྲུབ་ཡོད་རུང་ སྟབས་མ་བདེཝ་སྦོམ་ཤོས་ར་ གཞུང་གིས་ ཁྲལ་ཡངས་ལས་འཆར་དེ་ ཟླ་ངོ་༡༧ གྱི་ཧེ་མ་ལས་ བསྟར་སྤྱོད་འབད་ཚར་མི་ལུ་བརྟེན་བྱུང་ནུག།
ཏི་རུའི་དཔྱད་ཡིག་དེ་ གཞུང་སྐྱོང་ཚོགས་པ་ལུ་ དབང་ཚད་མེདཔ་ལས་ ངེས་པར་དུ་ སྤྱི་ཚོགས་ནང་ལས་ གནང་བ་འགྲུབ་དགོཔ་ཨིན་མས།
དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ གཞུང་གི་ཁ་ཐུག་ལས་ རྒྱལ་ཡོངས་ཚོགས་འདུ་ནང་ སྙན་ཞུ་སྦེ་ ངོ་སྤྲོད་ཕུལ་བའི་སྐབས་ ཁྲལ་ཡངས་དང་ ཕབ་ཆག་གི་ ལས་འཆར་ལག་ལེན་འཐབ་ཚར་མི་དེ་ ཁྲིམས་འགལ་ཨིན་པའི་ ཚོར་སྣང་བྱུང་ནུག།
གྲོས་བསྡུར་གནངམ་ད་ གཞུང་གི་ཁ་ཐུག་ལས་ ཁྲལ་ཡངས་ཆག་གནང་ནི་གི་ དབང་ཚད་དེ་ གཞུང་སྐྱོང་ལུ་ཡོད་མི་ལུ་བརྟེན་ ལག་ལེན་འཐབ་ཡོད་པའི་ ཁུངས་བསྐྱལ་ཡོད་རུང་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་གིས་ རྒྱབ་འགལ་འབད་མིའི་ནང་ དངུལ་འབྲེལ་མཐུན་རྐྱེན་དེ་ ཏི་རུའི་དཔྱད་ཡིག་ཨིནམ་ལས་ སྤྱི་ཚོགས་ནང་ལས་ ཆ་འཇོག་འགྲུབ་དགོ་ཟེར་ ཞུ་བའི་མཐའ་མར་ ཚོགས་དཔོན་གྱིས་ཡང་ ཏི་རུའི་དཔྱད་ཡིག་ཨིནམ་སྦེ་ ངོས་ལེན་གནང་ནུག།
དེ་བསྒང་ འདས་པའི་གཞུང་གིས་ སྤྱི་ལོ་༢༠༡༠ དང་༢༠༡༣ ལུ་ དངུལ་ཀྲམ་ཐེར་འབུམ་༧ དངུལ་འབྲེལ་མཐུན་རྐྱེན་སྦེ་ གནང་ཡོདཔ་མ་ཚད་ ད་ལྟོའི་གཞུང་གིས་ཡང་ སྤྱི་ལོ་༢༠༡༦ ཟླ་༡ པ་ལས་ འཕྲོ་མཐུད་གནང་ཡོད་མི་དེ་ སྤྱི་ཚོགས་ལས་ གནང་བ་མེད་པར་ ལག་ལེན་འཐབ་ཡོདཔ་ལས་ གཞུང་གཉིས་ཆ་རའི་ འཛོལ་བ་ཨིན་པའི་ མོས་མཐུན་བྱུང་ཡི།
དེ་འབདཝ་ལས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་གྱིས་ དངུལ་འབྲེལ་མཐུན་རྐྱེན་དེ་ འདས་པའི་གཞུང་དང་ ད་ལྟོའི་ གཞུང་གཉིས་ཆ་ར་གིས་ ལག་ལེན་འཐབ་ཚར་མིའི་ཐད་ཁར་ མངོན་མཐོ་ཁྲིམས་འདུན་ལས་ ག་དེ་སྦེ་ མཛད་ནི་ཨིན་ན་ དོན་འགྲེལ་གནང་དགོ་པའི་ ཞུ་བ་ཕུལ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན།
འདི་འབདཝ་ད་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་བ་ཅིན་ གལ་སྲིད་ དཔྱད་ཡིག་ཅིག་གི་སྐོར་ལས་ ཚོགས་དམངས་ནང་ མོས་མཐུན་བྱུང་མ་ཚུགས་པ་ཅིན་ དཔྱད་ཡིག་དེ་ ཆ་མེད་འགྱོ་ནི་མ་གཏོགས་ མངོན་མཐོ་ཁྲིམས་འདུན་ལས་ ཐད་ཀར་དུ་ དོན་འགྲེལ་ཞུ་བ་ཅིན་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ཚུ་ལས་ འགལ་ནི་ཨིན་པས།
ག་འཆརཔ་ཟེར་བ་ཅིན་ ཁྲིམས་ཀྱི་དོན་འགྲེལ་འབད་ནིའི་ཐད་ལུ་ འབྲུག་མངའ་བདག་རྒྱལ་པོ་ སྐུ་ཉག་གཅིག་གིས་ བཀའ་སློབ་གནང་ཆོགཔ་ཨིན་མས།
ཁྲལ་དང་འབྲེལ་བའི་ རྩོད་དོན་དེ་ ད་རེས་འགོ་དང་པ་ ཐོནམ་མེན་པར་ སྤྱི་ལོ་༢༠༡༠ ལུ་ འདས་པའི་གཞུང་གིས་ སྤྱི་ཚོགས་ནང་ གསུང་གྲོས་མ་གནང་པར་ ཁྲལ་བཀལ་མི་དེ་ ཁྲིམས་བཟོའི་བྱ་རིམ་དང་འཁྲིལ་མེན་པའི་ ཉོགས་བཤད་བཀོད་ཐོག་ལས་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་༢ ཀྱིས་ དེ་བསྒང་ གཞུང་དེ་ ཁྲིམས་སར་བསྐྱལ་བའི་མཐའ་མར་ ལྡོག་ཕྱོགས་ཚོགས་པ་ལུ་ བདེན་པ་ཡོད་པའི་ འཁྲུན་ཆོད་གནང་ཡི།
ལྡོག་ཕྱོགས་ཀྱིས་ ཁྲིམས་གཏུགས་འབད་མི་དེ་ཡང་ ཁྲལ་བཀལ་བའི་སྐབས་ གཞུང་གིས་ ཁྲིམས་ཀྱི་བྱ་རིམ་དང་འཁྲིལ་ མ་མཛད་མི་ལུ་བརྟེན་ཨིན་མས།
ད་རེས་ཀྱི་ གནས་སྟངས་ནང་བལྟ་རུང་ ཧེ་མའི་ རྩོད་དོན་དང་ མ་འདྲཝ་ཅིག་ ག་ནི་ཡང་ མེད་མི་དེ་ཡང་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ནམ་ ཏི་རུའི་དཔྱད་ཡིག་ཨིནམ་ལས་ རྒྱལ་ཡོངས་ཚོགས་འདུ་གིས་ཡང་ ཁྲིམས་ཀྱི་བྱ་རིམ་ལས་འགལ་ཡོད་པའི་ མངོན་གསལ་བྱུངམ་ཨིན་མས།
ཁྲིམས་ཀྱི་དོན་འགྲེལ་ཞུ་དགོ་པ་ཅིན་ རྩ་ཕན་གང་རུང་གི་ ཁ་ཐུག་ལས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ རྩོད་གཞི་སྦེ་ བཙུགས་ནི་དང་ ཡང་ཅིན་ སྤྱི་ཚོགས་ལྷན་བཞུགས་ནང་ གསུང་གྲོས་གནང་ཞིནམ་ལས་ དཔྱད་ཡིག་དེ་ ཆ་མེད་འགྱོ་བའི་གྲངས་སུ་ བརྩི་འཇོག་ཐོག་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ བཀའ་གྲོལ་གྱི་ གྲོས་འདེབས་ཕུལ་ནི་མ་གཏོགས་ ཐབས་ལམ་གཞན་ མི་མཐོངམ་མས་ཟེར་ ཞུ་ནི་ཨིན།

About admin

Check Also

ཕྱི་ཁར་འགྱོ་མི་ འབྲུག་མི་ཚུ་གི་དོན་ལུ་ སྤྱིར་བཏང་གོ་བརྡའི་ལས་རིམ།

༉ ད་ལྟོ་ གནད་དོན་ཚུ་ཁ་གསལ་སྦེ་ མ་ཤེས་ཏེ་འབད་རུང་ འབྲུག་མི་ལེ་ཤ་ཅིག་ར་ ཨཱསི་ཊེ་ལི་ཡ་ལུ་ སྣུམ་འཁོར་ཐུག་རྐྱེན་ལུ་བརྟེན་པའི་ ཤི་རྐྱེན་བྱུང་བའི་ཁར་ ལཱ་ཁག་རྐྱབ་དོ་ཡོད་པའི་ ལོ་རྒྱུས་ཚུ་གོ་མི་དེ་ རྒྱལ་ཡོངས་ལུ་ ཚ་གྱང་ཆེ་བའི་ གནད་དོན་ཅིག་ཨིནམ་ལས་ སེལ་ཐབས་འབད་དགོཔ་འདུག། འབྲུག་མི་ཚུ་གིས་ …

Leave a Reply

Your email address will not be published. Required fields are marked *