སྤྱི་ཚོགས་ཀྱིས་ འཆར་གཞི་༡༢ པའི་སྐོར་ གསུང་གྲོས་མི་གནང་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ ཞལ་འཛོམས་ཁང་ནང་སྦེ་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་གི་བར་ན་ གྲོས་གཞི་སྔོན་འགྲོའི་ གསུང་གྲོས་རྒྱས་པར་ གནང་པའི་ཤུལ་ལུ་ སྤྱི་ཚོགས་༢ པའི་ཚོགས་ཐེངས་༡༡ པའི་ནང་ རྩིས་ལོ་༢༠༡༨-༡༩ གི་ གནས་སྐབས་འཆར་དངུལ་སྐོར་ལས་ གསུང་གྲོས་གནང་ནི་སྦེ་ གྲོས་ཐག་བཅད་ནུག།
གྲོས་གཞི་ཐག་བཅད་ཞལ་འཛོམས་དེ་ཡང་ ཚོགས་དཔོན་འཇིགས་མེད་བཟང་པོའི་ ཁྲི་འཛིན་ཐོག་ལུ་ འཚོགས་ཡོདཔ་ད་ ཚོགས་དཔོན་གྱིས་ བཤད་མིའི་ནང་ གནས་སྐབས་འཆར་དངུལ་ནང་ རྒྱུན་སྐྱོང་ཟད་འགྲོ་དང་ བུ་ལོན་ དེ་ལས་ འདས་པའི་རྩིས་ལོ་ནང་ བཀོལ་སྤྱོད་འབད་བཞིན་ཡོད་མི་ འཆར་དངུལ་ཚུ་ ཚུད་འོང་ཟེར་ཨིན་པས།
ད་རུང་ ཞལ་འཛོམས་ནང་ གལ་གནད་ཅན་གྱི་ཞབས་ཏོག་ དཔེར་ན་ རྐྱེན་ངན་འཛིན་སྐྱོང་དང་ ནདཔ་ཚུ་སྨན་ཁང་གཞན་ཚུ་ གཏང་ནིའི་སྐོར་ལས་ གྲོས་བསྡུར་གནང་ནི་སྦེ་ གྲོས་འཆམ་བྱུང་ཡོདཔ་ད་ གཞུང་གིས་འབད་རུང་ ཞབས་ཏོག་གི་ཐོ་ཚུ་ ཉིནམ་དག་པ་ཅིག་གི་ ནང་འཁོད་ལུ་ ལྡོག་ཕྱོགས་འཐུས་མི་ཚུ་ལུ་ བྱིན་ནི་སྦེ་ ཁས་ལེན་འབད་ཡོདཔ་བཞིན་དུ་ ཐོ་ཚུ་ཡང་ གཞུང་སྐྱོང་དང་ ལྡོག་ཕྱོགས་འཐུས་མི་༢ འབད་མི་ ཚོགས་ཆུང་ཅིག་གིས་ དབྱེ་ཞིབ་འབད་ནི་ཨིན་པས།
ཚོགས་དཔོན་གྱིས་འབད་བ་ཅིན་ སྤྱི་ཚོགས་ནང་ བཟོ་སྐྲུན་ལས་སྣ་གསརཔ་ཚུ་ གནང་བ་མི་འགྲུབ་ནི་ཨིན་རུང་ གཞུང་གི་ཧོངས་ལས་ ཨུ་ཚུགས་བསྐྱེད་ནི་གི་ འོས་འབབ་ཡོད་ཟེར་ཨིནམ་ད་ ད་ལྟོ་ དབང་འདུས་ཕོ་བྲང་རྫོང་དང་ པདྨ་དགའ་ཚལ་རྫོང་ དེ་ལས་ འབྲུག་རྒྱལ་རྫོང་གསར་བཞེངས་འབད་བའི་བསྒང་ཡོད་མི་གི་ མ་དངུལ་ཆ་འཇོག་འགྲུབ་འོང་ཟེར་ཨིན་པས།
ཨིན་རུང་ རྒྱལ་ཡོངས་ཚོགས་འདུ་ནང་ གཞུང་གིས་ འཆར་གཞི་༡༢ པའི་སྐོར་ གསུང་གྲོས་གནང་ནི་གི་ གྲོས་གཞི་མི་བཙུགས་ཟེར་ ཚོགས་དཔོན་གྱིས་ བཤད་པའི་ཁར་ གལ་སྲིད་ གྲོས་གཞི་བཙུགས་པ་ཅིན་ སྲིད་དོན་གྱི་ གནད་དོན་ལུ་ འགྱུར་ཉེན་ཡོདཔ་ལས་ ཁོ་གིས་འབད་རུང་ གྲོས་བསྡུར་འབད་མི་བཅུག་ཟེར་ བཤདཔ་ཨིན་པས།
ཚོགས་ཐེངས་༡༡ པ་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༥ ལས་ འགོ་བཙུགས་ཏེ་ བདུན་ཕྲག་༢ ཀྱི་རིང་ གསུང་གྲོས་གནང་ནི་ཨིན་པས།
གནས་སྐབས་འཆར་དངུལ་དེ་ཡང་ གནས་ཡུན་ཚང་རན་མི་ གཞུང་གིས་ སྙན་ཞུ་ཕུལ་ནི་ཨིནམ་ད་ གཞུང་གསརཔ་ག་འོང་རུང་ འཆར་དངུལ་དེ་ ཁོང་གིས་ ལག་ལེན་འཐབ་ནི་ཨིནམ་མ་ཚད་ བསྒྱུར་བཅོས་ཡང་ འབད་ཚུགས་ནི་ཨིན་པས།
གཞུང་གསརཔ་དེ་ཡང་ སྤྱི་ཟླ་༡༠ པ་དང་༡༡ པའི་ནང་འཁོད་ལུ་ གཞི་བཙུགས་འབད་ནི་གི་ རེ་བ་ཡོདཔ་ད་ དེ་བསྒང་ གཞུང་འབྲེལ་ཐོག་ལས་ འཆར་གཞི་༡༢ པ་དེ་ བསྐྱར་ཞིབ་འབད་ནི་ཨིན་པས།
ལྡོག་ཕྱོགས་ཚོགས་པའི་མགྲིན་ཚབ་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ ད་རེས་ ཚོགས་འདུ་ནང་ གནས་སྐབས་འཆར་དངུལ་སྐོར་ལས་ གྲོས་བསྡུར་འབད་མི་དེ་ འགོ་དང་པ་ཨིནམ་ལས་ སྲོལ་ཁྱུན་ལེགས་ཤོམ་བཞག་ཐབས་ལུ་ གནས་ཚད་ཅན་གྱི་ཐོག་ལས་ གསུང་གྲོས་གནང་སྟེ་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
གཞུང་གི་གནས་ཡུན་དེ་ སྤྱི་ཟླ་༨ པའི་ཚེས་༢ ལུ་ ཚང་དོ་ཡོདཔ་ལས་ ལྡོག་ཕྱོགས་ཚོགས་པ་གིས་ གནས་སྐབས་ཀྱི་ འཆར་དངུལ་ནང་ འཆར་གཞི་གསརཔ་ཚུ་ ངོས་ལེན་མི་འབད་ཟེར་ཨིནམ་ད་ གཞུང་གི་གནས་ཡུན་ ལོ་༥ ཚང་ཞིནམ་ལས་ དབང་ཚད་ལོག་སྤྱོད་མི་འབད་འོང་ཟེར་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་སྣ་ལྷག་ལུས་དང་ གལ་གནད་ཅན་གྱི་ ཞབས་ཏོག་ཚུ་ཡང་ དགོས་མཁོ་དང་བསྟུན་ ཆ་འཇོག་འབད་དགོ་ཟེར་ཨིནམ་ད་ ལྷག་ལུས་ལས་སྣ་ཚུ་ཡང་ ལམ་རྩི་ནག་གཏང་ནི་དང་ སློབ་དཔོན་ཚུ་གི་ ཁྱད་རིག་གོང་འཕེལ་གྱི་ ལས་རིམ་ཚུ་ཨིན་པས།
འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ གཞུང་གིས་ གལ་གནད་ཆེ་བའི་ ཞབས་ཏོག་གི་ གྲོས་འཆར་ལས་རིམ་དེ་ ཁུངས་ཐུབ་དང་ དོན་སྨིན་ཅན་ཅིག་ འོང་དགོ་ཟེར་ཨིནམ་ད་ གལ་སྲིད་ གྲོས་འཆར་དེ་ འོས་འབབ་དང་ལྡནམ་སྦེ་ མེད་པ་ཅིན་ ངོས་ལེན་འབད་མི་ཚུགས་ཟེར་ཨིན་པས།
རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་ ལས་སྣ་ཚུ་ རྒྱུན་སྐྱོན་འཐབ་ནིའི་དོན་ལུ་ ཤུལ་མའི་རྩིས་ལོ་ཚུན་ གཞུང་གིས་ རྒྱུན་སྐྱོང་ཟད་འགྲོ་ ལག་ལེན་འཐབ་ཆོགཔ་སྦེ་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
གྲོས་གཞིའི་ཐག་བཅད་ཀྱི་ ཞལ་འཛོམས་ནང་ འཐུས་མི་༣༥ གིས་ བཅའ་མར་གཏོགས་ནུག།
ཚོགས་ཐེངས་༡༡ པའི་ནང་ རྩིས་ལོ་༢༠༡༦-༡༧ གྱི་ ལས་འབྲེལ་འཆར་དངུལ་དང་ རྩིས་ལོ་༢༠༡༧-༡༨ ཀྱི་ འཆར་དངུལ་བསྐྱར་ཞིབ་ དེ་ལས་ རྒྱལ་ཡོངས་ཚོགས་འདུའི་ཐེངས་༩ པ་དང་༡༠ པའི་ གྲོས་ཆོད་བསྟར་སྤྱོད་སྙན་ཞུ་གུ་ གསུང་གྲོས་གནང་ནི་ཨིན་པས།
དེ་བཟུམ་སྦེ་ རྩིས་ཞིབ་དཔྱད་ཡིག་༢༠༡༧ ཅན་མའི་གུ་ སྤྱི་ཚོགས་ལྷན་ཞུགས་ནང་ གསུང་གྲོས་ལོག་གནང་ནི་ཨིནམ་ད་ བློན་ཆེན་གྱིས་ རྒྱལ་ཁམས་ཀྱི་ གནས་སྟངས་སྐོར་ལས་ཡང་ སྙན་ཞུ་ཕུལ་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *