སྤྱི་ཟླ་༦ པའི་ཚེས་༢༠ ལུ་ སྤྱི་ཚོགས་ལྷན་བཞུགས་ནང་ འཐུང་ཆུའི་སྐོར་ གསུང་གྲོས་གནང་པའི་བསྒང་།

སྤྱི་ཚོགས་ཀྱིས་ ཐིམ་ཕུག་ལུ་ འཐུང་ཆུ་ལང་མེད་པའི་སྐོར་ དྲི་བཀོད་འབད་ཡོདཔ།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ འཐུང་ཆུའི་ལས་འབྲེལ་རྩིས་ཞིབ་ཐོག་ལས་ གྲོས་འདེབས་༡༥ བཀོད་མི་ལས་༡ རྐྱངམ་གཅིག་ ལག་ལེན་འཐབ་སྟེ་ཡོདཔ་ཨིན་པས།

གནད་དོན་དེ་གི་སྐོར་ དམངས་རྩིས་ཚོགས་ཆུང་གིས་ སྙན་ཞུ་ཕུལ་མི་དང་འཁྲིལ་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ སྤྱི་ཚོགས་ལྷན་བཞུགས་ཀྱིས་ གསུང་གྲོས་གནང་ཡི།

ཁྲོམ་སྡེ་གིས་ གྲོས་འདེབས་༥ ལག་ལེན་མ་འཐབ་པའི་ཁར་ གྲོས་འདེབས་གཞན་ཚུ་ ཆ་ཤས་ལག་ལེན་འཐབ་ཡོདཔ་སྦེ་ དམངས་རྩིས་ཚོགས་ཆུང་ལུ་ མངོན་གསལ་བྱུང་ནུག།

རྩིས་ཞིབ་དབང་འཛིན་གྱིས་ སྤྱི་ལོ་༢༠༡༠ དང་༢༠༡༦ གི་བར་ནའི་ ཐིམ་ཕུག་ཁྲོམ་སྡེའི་ལས་འབྲེལ་རྩིས་ཞིབ་འབདཝ་ད་ ཁྲོམ་སྡེའི་དོན་ལུ་ ཉིན་བསྟར་འཐུང་ཆུའི་དགོས་མཁོ་དེ་ མི་རེ་ལུ་ ཀིའུ་བིག་མི་ཊར་༡༩,༢༨༧ རྐྱངམ་གཅིག་ཨིན་རུང་ ཁྲོམ་སྡེའི་འཐུང་ཆུའི་ཐོན་སྐྱེད་དེ་ ཉིན་བསྟར་བཞིན་དུ་ ཀིའུ་བིག་མི་ཊར་༢༠,༠༣༦ ཡོདཔ་ལས་ འཐུང་ཆུ་བགོ་བཀྲམ་ནང་ འདྲ་མཉམ་མེད་པའི་ ངོས་འཛིན་བྱུང་ནུག།

བགོ་བཀྲམ་འདྲ་མཉམ་མེད་མི་དེ་ཡང་ ཚུལ་དང་མ་མཐུན་པའི་ འཐུང་ཆུ་འཐེན་འབག་མི་དང་ ཁྱིམ་གུང་ལ་ལོ་ཅིག་ནང་ འཐུང་ཆུའི་མཐུད་སྦྲེལ་༡ ལས་ལྷག་སྟེ་ ཡོད་ཕའི་ཁར་ སྣུམ་འཁོར་ཆུ་འཁྱུ་སའི་ སྡེ་ཕྲན་༢༨ ཚུ་ཡང་ གཙང་སྦྲགས་དང་ལྡན་པའི་ ཆུའི་རྐ་ཚུ་ལས་ བཀྲམ་སྤེལ་འབད་ཡོད་པའི་ ངོས་འཛིན་བྱུང་ནུག།

ད་རུང་ ཆུ་མཛོད་༩ ཡོད་མི་ལས་ མང་ཤོས་ར་ བརྟག་དཔྱད་འབད་འབདཝ་མེད་པའི་ ངོས་འཛིན་བྱུང་ཡོདཔ་ད་ རྒྱལ་འཛིན་ནད་རིགས་བཀག་འཛིན་ལྟེ་བ་གིས་ བརྟག་དཔྱད་འབད་བའི་སྐབས་ སློབ་གྲྭ་ལ་ལོ་ཅིག་ནང་ འཐུང་ཆུ་བཙོག་པ་ཞུགས་པའི་ ངོས་འཛིན་བྱུང་ནུག་ཟེར་ དམངས་རྩིས་ཚོགས་ཆུང་གི་ སྙན་ཞུ་ནང་བཀོད་ནུག།

མགར་ས་ཚེོགས་སྡེའི་འཐུས་མི་ རྡོ་རྗེ་མཁའ་འགྲོ་གིས་ འཐུང་ཆུ་བཀྲམ་སྤེལ་གྱི་ཐད་ སྤུས་ཚད་དང་ འབོར་ཚད་༢ པོ་ཆ་ར་ ལྡན་དགོཔ་དེ་ གལ་ཆེ་ཟེར་ ཞུ་བའི་ཁར་ འཐུང་ཆུ་དེ་ གཙང་ཏོག་ཏོ་དང་ ནམ་དགོ་རུང་ ཐོབ་ཆོག་ཆོ་ དེ་ལས་ རིན་གོང་རན་ཏོག་ཏོ་དང་ བློ་བདེ་ཏོག་ཏོ་དགོ་ཟེར་ཞུ་ཡི།

ཀྲོང་གསར་ཚོགས་སྡེའི་འཐུས་མི་ བཀྲ་ཤིས་དོན་གྲུབ་ཀྱིས་ འཐུང་ཆུའི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་ འབྲེལ་གཏོགས་འབད་ཐོག་ ཉེན་སྲུང་དང་ལྡནམ་བཟོ་དགོཔ་ ཁག་ཆེ་ཟེར་ཞུ་ཡི།

ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ འཆར་གཞི་༡༡ པའི་ནང་ ཁྲོམ་སྡེའི་འཐུང་ཆུ་བཀྲམ་སྤེལ་ གོང་འཕེལ་གྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡ ཟད་འགྲོ་བཏང་ཡོདཔ་མ་ཚད་ འཆར་གཞི་༡༢ པའི་ནང་ འཐུང་ཆུ་བཀྲམ་སྤེལ་དང་འབྲེལ་བའི་ ལས་འགུལ་ཆ་མཉམ་ གཙོ་རིམ་ཅན་སྦེ་ ལག་ལེན་འཐབ་ནི་ཟེར་ཞུ་ཡི།

པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ཆུའི་བཅའ་ཁྲིམས་དང་འཁྲིལཝ་ད་ མི་སེར་ཚུ་ལུ་ ཉེན་སྲུང་ཅན་དང་ རིན་གོང་རན་ཏོག་ཏོ་ དེ་ལས་ ཆུ་ལངམ་སྦེ་ བཀྲམ་སྤེལ་འབད་ནིའི་ འགན་ཁུར་དང་འགན་འཁྲི་དེ་ གཞུང་ལུ་ཕོག་ཟེར་ཞུ་ཡི།

ཐིམ་ཕུག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཚེ་དབང་རིག་འཛིན་གྱིས་ འཐུང་ཆུ་བཀྲམ་སྤེལ་གྱི་སྐོར་ལས་ ཁྲོམ་དང་སྒེར་གྱི་བར་ན་ དབྱེ་བ་མིན་འདུག་ཟེར་ ཞུ་བའི་ཁར་ ཁྲོམ་ཁར་འབད་བ་ཅིན་ གཙང་སྦྲ་དང་ལྡན་པའི་ ཆུ་མཛོད་རྐྱབ་བྱིནམ་ཨིན་རུང་ གྲོང་གསེབ་ནང་འབད་བ་ཅིན་ ཆུ་རྐ་དང་ ཆུ་དུང་མཐུད་ནིའི་དོན་ལུ་ རང་གིས་རང་ ལས་མི་འཚོལ་ཏེ་ མཐུད་སྦྲེལ་འབད་དགོཔ་བཞིན་དུ་ ཉེན་སྲུང་གི་ཐད་ལུ་ལྷོདཔ་ད་ གྲོང་གསེབ་མི་སེར་ཚུ་ལུ་ཡང་ ཐོབ་སྤྱོད་འདྲ་མཉམ་ཡོདཔ་དགོ་ཟེར་ཞུ་ཡི།

ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་ ཞུ་མིའི་ནང་ སྲིད་བྱུས་དང་ ཁྲིམས་ལུགས་ཚུ་ སྒྲིང་སྒྲི་ཡོདཔ་ལས་ གཞུང་སྐྱོང་ཚོགས་པ་ ག་ཨིན་རུང་ གཙང་སྦྲ་དང་ ཡུན་བརྟན་ཅན་གྱི་ འཐུང་ཆུ་བཀྲམ་སྤེལ་འབད་ནི་ལུ་ གཙོ་རིམ་བཟུང་དགོ་ཟེར་ཨིན་པས།

དེ་ལུ་ ཚོགས་དམངས་ཀྱིས་ ལགཔ་ཡར་སེང་ཐོག་ལས་ ངོས་ལེན་འབད་ཡི།

ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ཡང ཁྲོམ་སྡེ་ལུ་ འབྲེལ་ཡོད་གཙུག་སྡེ་ཚུ་གིས་ མི་སྟོབས་ཀྱི་ རྒྱབ་སྐྱོར་བྱིན་དགོཔ་དེ་ ཁག་ཆེ་ཟེར་ ཞུ་མི་དེ་ལུ་ དམངས་རྩིས་ཚོགས་ཆུང་གི་ འཐུང་ཆུ་བཀྲམ་སྤེལ་དང་འབྲེལ་བའི་ གྲོས་འདེབས་༤ གུ་ རྒྱབ་སྣོན་ཁ་སྐོང་སྦེ་ ཆ་འཇོག་གྲུབ་ཅི།

ཚོགས་ཆུང་གིས་ ཞབས་ཏོག་ལྷན་ཁག་དང་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ གསོ་བ་དང་ ཁྲོམ་སྡེ་ཚུ་གི་བར་ན་ མཉམ་འབྲེལ་སྒྲིང་སྒྲི་བཟོ་དགོ་པའི་ གྲོས་འདེབས་ཕུལ་ཡི།

དེ་མ་ཚད་ ཐིམ་ཕུག་ཁྲོམ་སྡེ་ལུ་ ཆུའི་བཅའ་ཁྲིམས་དང་འཁྲིལ་ ལེགས་བསྒྱུར་ཐོག་ གཙང་སྦྲ་དང་ལྡན་པའི་ འཐུང་ཆུ་དེ་ སྣུམ་འཁོར་ཆུ་འཁྱུ་མི་ཚུ་ལུ་ བཀྲམ་སྤེལ་བཤོལ་བཞག་ཐོག་ འཐུང་ཆུ་ཚུལ་ལྡན་སྦེ་ བཀྲམ་སྤེལ་འབད་ནི་ལུ་ གཙོ་རིམ་བཟུང་དགོཔ་སྦེ་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *