༉ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ དབང་ཕྱུག་རྣམ་རྒྱལ་གྱིས་ སྤྱི་ཚོགས་ཀྱི་ འཐུས་མི་༡༡ འགོ་ཁྲིད་ཐོག་ རྒྱ་གར་ལུ་ ལྟ་སྐོར་འབད་བའི་བསྒང་ཡོདཔ་ད་ སྡེ་ཚན་དེ་ ད་རིས་ རྒྱལ་ས་ནིའུ་ལྡི་ལི་ལས་ མུམ་བའེ་ཁྲོམ་སྡེ་ལུ་ འཕུར་འགྲུལ་འབད་ནི་ཨིན་པས།
ནིའུ་ལྡི་ལི་ལུ་ ལྟ་སྐོར་འབད་བའི་སྐབས་ སྤྱི་ཚོགས་ཀྱི་ འཐུས་མི་སྡེ་ཚན་གྱིས་ རྒྱ་གར་གྱི་ཚོགས་ཁང་འོག་མ་ ལོག་ས་བྷའི་ཚོགས་དཔོན་དང་ རྒྱ་གར་གཞུང་གི་ འགོ་དཔོན་གཙོ་ཅན་ཚུ་དང་ ཕྱད་ཡོདཔ་བཞིན་དུ་ སྤྱི་ཟླ་༢ པའི་ཚེས་༦ ལུ་ འབྲུག་གི་རྒྱལ་ཡོངས་ཚོགས་འདུ་དང་ ལོག་ས་བྷ་ཚོགས་ཁང་༢ ཀྱི་བར་ན་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ནུག།
མཚན་རྟགས་བཀོད་མི་དེ་ཡང་ འབྲུག་གི་རྒྱལ་ཡོངས་ཚོགས་འདུ་དང་ རྒྱ་གར་གྱི་ ལོག་ས་བྷ་ཚོགས་ཁང་༢ ཀྱི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་ཡར་དྲག་གཏང་ནི་དང་འབྲེལ་ ཕན་ཚུན་གྱི་ འབྲེལ་བ་ཚུ་ འཕྲོ་མཐུད་དེ་ར་ འཐབ་ནིའི་དོན་ལས་ཨིན་པས།
སྤྱི་ཚོགས་ཀྱི་ ལྟ་སྐོར་ལས་རིམ་དེ་གིས་ རྒྱ་འབྲུག་རྒྱལ་ཁབ་གཉིས་ཀྱི་བར་ན་ མཛའ་བཤེས་མཐུན་འབྲེལ་དང་ བློ་གཏད་ཡིད་ཆེས་ དེ་ལས་ གོ་བརྡ་ཚུ་ ལྷག་པར་དུ་ རྩ་བརྟན་བཟོ་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་འབྲེལ་ནང་ གསལ་བཀོད་འབད་ནུག།
འཐུས་མི་སྡེ་ཚན་གྱིས་ རྒྱ་གར་གྱི་ སྲོལ་ཁྱུན་ས་ཁོངས་དང་ གནས་རྩ་ཅན་ དེ་ལས་ ཚོང་འབྲེལ་ལྟེ་བ་དང་ གྲུ་ཁང་ཚུ་ནང་ ལྟ་སྐོར་འབད་ནི་ཨིན་པས།
འཐུས་མི་སྡེ་ཚན་དེ་ སྤྱི་ཟླ་༢ པའི་ཚེས་༡༡ ལུ་ རྒྱལ་ཁབ་ནང་ ལོག་ལྷོད་ནི་ཨིནམ་ད་ ལྟ་སྐོར་ལས་རིམ་དེ་ཡང་ རྒྱ་གར་གྱི་ ལོག་ས་བྷ་ཚོགས་ཁང་གི་ མགྲོན་བརྡ་ཐོག་ལུ་ འགོ་འདྲེན་འཐབ་ནུག།
སྤྱི་ཟླ་༢ པའི་ཚེས་༥ ལུ་ སྤ་རོ་ལས་ བོཌ་ག་ཡ་ལུ་ འཕུར་འགྲུལ་འབད་བའི་སྐབས་ འཐུས་མི་སྡེ་ཚན་གྱིས་ གནས་མཆོག་རྡོ་རྗེ་གདན་མཆོད་རྟེན་དང་ འབྲུག་པའི་ལྷ་ཁང་ མཇལ་ཡོད་པའི་གནས་ཚུལ།

རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ རྒྱ་གར་ལོག་ས་བྷ་ཚོགས་ཁང་གི་ ཚོགས་དཔོན་༢ ཀྱིས་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་བསྒང་།