སྤྱི་ཚོགས་ཀྱི་ འཐུས་མི་འབད་འདོད་ཡོད་མི་༢ ཀྱིས་ མི་ཚུ་ལུ་ བག་ཚིམས་འཇོམས་པའི་རྩོད་འགྲན།

༉ མོང་སྒར་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུའི་དོན་ལུ་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་དང་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་༢ ཀྱི་བར་ན་ མི་མང་རྩོད་འགྲན་འབདཝ་ད་ ཁས་བླངས་ཚུ་ལུ་ གཙོ་བོར་བཟུང་སྟེ་ དྲི་བཀོད་འབད་ཐོག་ལས་ གཅིག་གིས་གཅིག་ལུ་ ཚ་ཕག་ཕ་བཟོ་བའི་ མཐོང་སྣང་བྱུང་ཡི།

རྩོད་བསྡུར་གྱི་ གནད་དོན་མང་ཤོས་ར་ ཁས་བླངས་གསལ་བསྒྲགས་ཚུ་ གྲུབ་ཚུགསཔ་མ་ཚུགསཔ་དང་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པའི་འགན་ཁུར་ དེ་ལས་ འདེམས་ངོའི་ཉམས་མྱོང་དང་ འགོ་ཐོག་བཅའ་མར་གཏོགས་པའི་སྐོར་ལས་ བྱུང་ཡི།

སྤྱི་ཟླ་༦ པའི་ཚེས་༡༤ ལུ་ མོང་སྒར་འབྲིང་རིམ་སློབ་གྲྭ་བར་མའི་ནང་ འགོ་འདྲེན་འཐབ་མི་ མི་མང་རྩོད་འགྲན་ནང་ གཞུང་སྐྱོང་ཚོགས་པའི་འདེམས་ངོ་ ཀརྨ་ལྷ་མོ་གིས་ འཆར་གཞི་ནང་མ་ཚུད་པའི་ ལས་སྣ་ལེ་ཤ་ཅིག་ར་ ཁས་བླངས་འབད་མི་དེ་ཡང་ སྤོང་ཅུ་ལ་གནམ་ཐང་གི་ འོས་འབབ་བརྟག་དཔྱད་དང་ རྡོ་རྗེ་ལུང་གློག་མེ་ལས་འགུལ་ གཞི་བཙུགས་འབད་ནི་ ངང་ལམ་འགེགས་སྲུང་སྒོ་ར་ལས་ ལྟ་བཤལ་པའི་ འཛུལ་སྒོ་ཕྱེ་ནི་ཚུ་ ག་དེ་མགྱོགས་མགྱོགས་ འགོ་བཙུགས་ནི་ལུ་ བརྩོན་ཤུགས་བསྐྱེད་འོང་ཟེར་བཤད་ཅི།

ད་རུང་ མོ་གིས་ འཆར་གཞི་༡༢ པའི་ནང་མེད་པའི་ སྐྱིད་བདེ་མཁར་དང་ འབྲས་སྤུངས་རྒེད་འོག་ ལབ་རྩ་བར་ནའི་ ཞིང་ལམ་རྩི་ནག་གཏང་ནི་དང་ ཆ་གླིང་འབྲིང་རིམ་སློབ་གྲྭ་འོག་མ་ ལྟོ་ཐོབ་ཀྱི་ འབྲིང་རིམ་སློབ་གྲྭ་བར་མ་ལུ་ རྒྱ་སྐྱེད་འབད་ནི་ ཙ་ཀ་གླིང་སློབ་གྲྭ་ནང་ སློབ་ཕྲུག་གི་ ཉལ་ཁྱིམ་རྐྱབ་ནི་ དེ་ལས་ རྡོ་རྗེ་ལུང་ལུ་ ཀུར་རི་ཆུ་གུ་ལས་ ཟམ་རྐྱབ་ནི་སྦེ་ དམིགས་བསལ་གྱི་ ཁས་བླངས་༤ འབད་ཡི།

ལྡོག་ཕྱོགས་ཚོགས་པའི་འདེམས་ངོ་ རྡོ་རྗེ་གཡུ་སྒྲོན་གྱིས་འབད་བ་ཅིན་ ནད་ཡམས་ཀོ་བིཌ་-༡༩ དེ་ གཞུང་གི་གནས་ཡུན་མ་ཚང་ཚུན་ཚོད་ར་ སྡོད་ནི་བཟུམ་ཡོདཔ་མ་ཚད་ ཁས་བླངས་འབད་མི་ཚུ་ འགྲུབ་ཐབས་འབད་ནིའི་ མ་དངུལ་ར་མིན་འདུག་ཟེར་ཨིན་པས།

རྡོ་རྗེ་གཡུ་སྒྲོན་གྱིས་ བཤད་མིའི་ནང་ མོ་ལུ་ཡང་ ཁས་བླངས་གསལ་བསྒྲགས་ཚུ་ཡོད་རུང་ དེ་ལུ་ གཙོ་བོར་མ་བཏོན་པར་ ད་ལྟོའི་གཞུང་གིས་ འགྲུབ་མ་ཚུགས་པའི་ ཁས་བླངས་ལེ་ཤ་ཡོདཔ་ལས་ དགག་བཤེར་དང་ ཚད་མཉམ་ཐོག་ལས་ ལྡོག་ཕྱོགས་ཀྱི་ འགན་ཁུར་འབག་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།

གཞུང་གིས་ ད་ཚུན་ དང་པ་ར་ ཉིན་གྲངས་༡༢༠ འི་ཁས་བླངས་དང་ སྤྱིར་བཏང་གི་ཁས་བླངས་ དེ་ལས་ དུས་མིན་བཙག་འཐུའི་ ཁས་བླངས་འབདཝ་ད་ ཁས་བླངས་གསལ་བསྒྲགས་ལྷམ་པ་༣ དེ་ཅིག་ འབདཝ་ཨིན་རུང་ ད་ཚུན་མང་ཤོས་ཅིག་ འགྲུབ་མ་ཚུགས་པར་ཡོདཔ་ལས་ ཚོགས་རྒྱན་བཙུགས་མི་ཚུ་གིས་ འགྲུབ་མ་ཚུགས་མི་ ཁས་བླངས་ཚུ་ལུ་བརྟེན་ སེམས་འགྱུར་ནི་མི་འོང་ཟེར་ རྡོ་རྗེ་གཡུ་སྒྲོན་གྱིས་བཤད་ཅི།

མོ་གིས་ བཤད་མིའི་ནང་ གཞུང་གིས་ གསུང་བྱོན་ཨེབ་དང་ གྲོང་གསེབ་ཀྱི་ སྐྱེས་མའི་འཐུས་ ཝའི་ཕའེ་རིན་མེད་སྟོང་པར་བྱིན་ནིའི་ ཁས་བླངས་མང་ཤོས་ཅིག་ ལོ་ངོ་ཕྱེད་དང་༣ ལྷག་སོ་རུང་ ད་ལྟོ་ ཁས་བླངས་སྦེ་ར་ ལུས་ཡོདཔ་བཞིན་དུ་ དེ་ཚུ་འགྲུབ་ནི་གི་ ངེས་པ་མེདཔ་ལས་ ཁས་བླངས་གསརཔ་ཚུ་ སྐབས་ཐོབ་ཀྱི་ ཁེ་ཕན་ལུ་བལྟ་སྟེ་ འབདཝ་མེན་ན་མནོཝ་མས་ཟེར་ཨིན་པས།

ཀརྨ་ལྷ་མོ་གིས་འབད་བ་ཅིན་ ཁས་བླངས་ཚུ་ གྲུབ་ཚུགས་མི་ ཙང་ཙ་ཨིན་མི་དེ་ཡང་ བློན་ཆེན་དང་ འབྲེལ་ཡོད་བློན་པོ་ཚུ་དང་གཅིག་ཁར་ བསྟུན་གྲོས་འབད་ཞིནམ་ལས་འཆར་གཞི་བརྩམས་བརྩམ་ཨིན་ཟེར་ཨིནམ་ད་ ཁས་བླངས་གཞན་ཚུ་ཡང་ ནད་ཡམས་ཀྱི་ གདོང་ལེན་འབད་བའི་སྐབས་ ཐོགས་ལུས་ཡོད་རུང་ འགྲུབ་པའི་བསྒང་ཨིནམ་ལས་ གཞུང་གི་གནས་ཡུན་མཇུག་མ་བསྡུཝ་ལས་ འགྲུབ་ཚུགས་ཟེར་ བཤད་ཅི།

རྡོ་རྗེ་གཡུ་སྒྲོན་གྱིས་འབད་བ་ཅིན་ མོང་སྒར་འདེམས་ཁོངས་ནང་ལས་ འཐུས་མི་བློན་པོ་ཚུ་ སྡོད་ཡོད་རུང་ ཁས་བླངས་ཚུ་ འགྲུབ་མ་ཚུགསཔ་ད་ འཐུས་མི་ཅིག་གིས་ ཁྱད་པར་ག་ནི་ཡང་བཟོ་མི་ཚུགས་འོང་ཟེར་ཨིན་པས།

དེ་མ་ཚད་ ནད་ཡམས་དེ་ ནམ་འཇོམས་འོང་ག་ གཏན་འཁེལ་མེདཔ་ལས་ གཞུང་གིས་ ནད་ཡམས་བཀག་ནིའི་ ཕྱག་ལཱ་མཛད་དགོ་མི་ལུ་བརྟེན་ ཁས་བླངས་འགྲུབ་ནི་ལུ་ ཐོ་ཕོག་ནི་ཨིནམ་ལས་ ལོ་ཕྱེད་དང་༣ གྱི་ནང་འཁོད་ལུ་ ག་ནི་ཡང་འབད་མི་ཚུགས་ཟེར་ རྡོ་རྗེ་གཡུ་སྒྲོན་གྱིས་ བཤད་ཅི།

རྩོད་བསྡུར་གྱི་ གནད་དོན་ཅིག་ ལྡོག་ཕྱོགས་ཚོགས་པ་སྒྲིང་སྒྲི་དགོ་པའི་སྐོར་ལས་བྱུང་ཡོདཔ་ད་ རྡོ་རྗེ་གཡུ་སྒྲོན་གྱིས་ ད་ལྟོ་ ལྡོག་ཕྱོགས་ནང་ འཐུས་མི་༡༥ ར་ཨིནམ་ལས་ འཐུས་མི་༡ ཡར་སེང་འགྱོ་རུང་ དགག་བཤེར་དང་ཚད་མཉམ་ནང་ སྒྲིང་སྒྲི་འགྱོ་ནི་ཨིནམ་ལས་ མོ་ལུ་ ཚོགས་རྒྱན་བཙུགས་གནང་ཟེར་ གསོལ་ཞུ་འབད་ཡི། 

དེ་མ་ཚད་ མོ་ལུ་རྒྱབ་སྐྱོར་འབད་བ་ཅིན་ མ་འོངས་པའི་ ལྕོགས་གྲུབ་ཅན་དང་ སྲིད་དོན་ནང་ དང་འདོད་ཡོད་མི་ ན་གཞོན་ཚུ་གི་ མདུན་ལམ་ཟང་དོ་བཟུམ་ཅིག་ཨིནམ་ལས་ དེ་གིས་ ན་གཞོན་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་འོང་ཟེར་བཤད་ཅི།

ཀརྨ་ལྷ་མོ་གིས་འབད་བ་ཅིན་ ལྡོག་ཕྱོགས་ཀྱི་ འཐུས་མི་མངམ་ཡོད་པ་ཅིན་ གཞུང་གི་ཕྱག་ལཱ་གནང་ནི་ལུ་ བཀག་རྐྱབ་ནི་ཨིནམ་ལས་ ཉམས་མྱོང་ཡོད་མི་ ཁྱོད་རའི་འདེམས་ཁོངས་ནང་ ཡར་རྒྱས་གཏང་མི་ གཞུང་སྐྱོང་གི་ འདེམས་ངོ་དང་ ཉམས་མྱོང་མེད་མི་ ལྡོག་ཕྱོགས་ཀྱི་འདེམས་ངོ་༢ ལས་ ལེགས་ཤོམ་སྦེ་ གདམ་ཁ་རྐྱབ་གནང་ཟེར་ཨིན་པས།

མོ་གིས་ བཤད་མིའི་ནང་ བཙག་འཐུ་གྲུབ་པ་ཅིན་ ཕྱག་ཞུ་ནིའི་དུས་ཚོད་ ལོ་ཕྱེད་དང་༣ ལས་མེདཔ་ལས་ ལྷབ་སྡོད་ནིའི་ དུས་ཚོད་མེད་ཟེར་ཨིནམ་ད་ དེ་ལུ་ རྡོ་རྗེ་གཡུ་སྒྲོན་གྱིས་ ད་ཚུན་ བཙག་འཐུ་ནང་ བཅའ་མར་མ་གཏོགས་པའི་ཧེ་མ་ ཉམས་མྱོང་ཅན་ག་ཡང་མེདཔ་ལས་ མི་སེར་གྱི་ རྒྱབ་སྐྱོར་ལུ་བརྟེན་ བཙག་འཐུ་གྲུབ་པ་ཅིན་ ཉམས་མྱོང་ཐོབ་དང་གཅིག་ཁར་ ཕྱག་ཞུ་ནི་ཨིན་ཟེར་ བཤད་ཅི།

ཀརྨ་ལྷ་མོ་གིས་ གཞུང་སྐྱོང་ལུ་ དབང་ཚད་ཧྲིལ་བུ་ཡོད་ནི་དེ་གིས་ ལྡོག་ཕྱོགས་ཀྱི་འཐུས་མི་གིས་ འདེམས་ཁོངས་གོང་འཕེལ་གྱི་ ལས་སྣ་ཚུ་ ག་ནི་ཡང་འབད་མི་ཚུགས་ཟེར་ སླབ་པའི་ལན་ལུ་ རྡོ་རྗེ་གཡུ་སྒྲོན་གྱིས་ གཞུང་སྐྱོང་དང་ལྡོག་ཕྱོགས་ཚོགས་པའི་འཐུས་མི་༢ ཆ་ར་ལུ་ སྤྱི་ཚོགས་ནང་ ཞུ་ནིའི་དབང་ཚད་འདྲན་འདྲ་ཡོདཔ་ལས་ འཐུས་མི་གི་ ཕྱག་ཞུ་ཐངས་ལུ་ རག་ལས་འོང་ཟེར་བཤད་ཅི། 

མི་མང་རྩོད་འགྲན་དེ་ སྤྲོ་བ་ཆེ་ཏོག་ཏོ་སྦེ་ མཇུག་བསྡུ་ཡོདཔ་ད་ རྒྱང་མཐོང་བལྟ་མི་ཚུ་གིས་ བཤད་མིའི་ནང་ སྲིད་དོན་ནང་ ཉམས་མྱོང་ཡོད་མི་ ཀརྨ་ལྷ་མོ་གིས་ མོ་རའི་ཉམས་མྱོང་དང་འཁྲིལ་ གསལ་བཤད་ཚུ་ ལེགས་ཤོམ་འབད་བའི་ཁར་ སྲིད་དོན་ནང་ འགོ་དང་པ་ བཅའ་མར་གཏོགས་མི་ རྡོ་རྗེ་གཡུ་སྒྲོན་གྱིས་ཡང་ འདྲན་འདྲ་སྦེ་ རྩོད་བསྡུར་འབད་ཚུགས་མི་ལུ་ ངལ་རངས་ཡོདཔ་ཨིན་པས།

འབྲས་སྤུངས་རྒེད་འོག་ལས་མི་ཅིག་གིས་ བཤད་མིའི་ནང་ འདེམས་ངོ་༢ ཆ་ར་གིས་ རང་སོའི་གནད་དོན་ཚུ་ གསལ་ཏོག་ཏོ་སྦེ་ ཞུ་ཚུགས་ནི་དེ་གིས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ རྒྱབ་སྐྱོར་ག་ལུ་འབད་ནི་ཨིན་ན་ ཐག་བཅད་ནི་ལུ་ ཕན་ཐོགས་འོང་ཟེར་ཨིན་པས།

དུས་མིན་བཙག་འཐུ་དེ་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *