སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ ཡིག་ཚང་ཚུལ་ལྡན་འཐོབ་ནི་ལུ་ སྒུག་སྟེ་ར་ཡོདཔ།

༉ བློན་ཆེན་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ ཡིག་ཚང་ཚུ་ ས་གོ་སྟབས་བདེ་ཏོག་ཏོ་ཅིག་ནང་ སྤོ་བཤུད་འབད་ནི་གི་ གྲོས་འཆར་དེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ད་ལྟོ་ ཐག་མ་བཅད་པར་ཡོད་ཟེར་ཨིན་པས།
འཐུས་མི་ཚུ་གི་དོན་ལུ་ ཡིག་ཚང་སྤོ་བཤུད་འབད་ནི་དེ་ ཡུན་འགྱངས་ལུས་ཡོདཔ་ད་ འཐུས་མི་ཚུ་གིས་ ཡིག་ཚང་ལེགས་ཤོམ་ཅིག་ དགོ་འདོད་བསྐྱེད་མི་དེ་ཡང་ འདེམས་ཁོངས་ཀྱི་མི་ཚུ་ ཁོང་དང་ཕྱད་པར་འོངམ་ད་ སྒེར་གསང་དང་ མཐུན་རྐྱེན་ལེགས་ལྡན་དགོཔ་ཡོད་མི་ལུ་བརྟེན་ཨིན་པས།
ན་ཧིང་ སྤྱི་ཟླ་༡༡ པའི་ནང་ འཐུས་མི་ཚུ་ རྒྱལ་ཡོངས་ཚོགས་འདུ་ནང་ སྤོ་བཤུད་འབད་བ་ཅིན་ ཤོང་མི་ཤོང་ཚུ་ བལྟ་ནིའི་དོན་ལུ་ ཕྱི་འབྲེལ་ལྷན་ཁག་གི་ འགོ་དཔོན་དང་ རྒྱལ་ཡོངས་གཞུང་ཆས་ལས་ཁུངས་ དེ་ལས་ རྒྱལ་ཡོངས་ཚོགས་འདུའི་ ཡིག་ཚང་གི་ འགོ་དཔོན་ཚུ་གིས་ མཉམ་འབྲེལ་ཐོག་ལས་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་པས།
དུས་ཅི་ རྒྱལ་ཡོངས་ཚོགས་འདུའི་ ཡིག་ཚང་གིས་ འཐུས་མི་ཚུ་གི་ ཡིག་ཚང་ཚུ་ རྒྱལ་ཡོངས་ཚོགས་ཁང་གི་ སྒྲིང་ཁྱིམ་ནང་ སྤོ་བཤུད་འབད་ནིའི་ འཆར་གཞི་བརྩམ་ཐབས་ལུ་ ཚོགས་ཆུང་གི་ སྙན་ཞུ་དེ་ བློན་ཆེན་ལུ་ ཕུལ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་གྲུ་པ་གིས་ སླབ་མིའི་ནང་ བློན་ཆེན་གྱིས་ ཡིག་ཚང་གི་ སྙན་ཞུ་དེ་ལུ་ གྲོས་ཐག་བཅད་མི་དེ་ དུས་ཅི་ སྤྱི་ཟླ་༣ པའི་ནང་ བྱིན་ནི་སྦེ་ གསུངས་ཡོདཔ་བཞིན་དུ་ ད་ལྟོ་ ཕྱི་འབྲེལ་ལྷན་ཁག་དེ་ སྤོ་བཤུད་འབད་ནིའི་ འོས་འབབ་ཡོད་མེད་ཀྱི་ གཞུང་འབྲེལ་གྱི་ བརྡ་དོན་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཐུས་མི་ཚུ་གིས་ ཡིག་ཚང་ཚུ་ ལེགས་ཤོམ་ཅིག་ རེ་འདོད་བསྐྱེད་མི་དེ་ཡང་ ཚོགས་རྒྱན་བཙུགས་མི་དང་ མི་སེར་ཚུ་ ཁོང་ཕྱད་པར་ འོང་པའི་སྐབས་ སྒེར་གསང་ཅིག་ དགོ་ཐབས་ལུ་ཨིནམ་ད་ འཐུས་མི་ཚུ་ལུ་ སྟབས་མ་བདེཝ་ ཡོད་མི་ལུ་ ཡིག་ཚང་གི་ ཁ་ཐུག་ལས་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
ད་རེས་ ཡིག་ཚང་གི་ ཁང་ཚན་རེ་ལུ་ འཐུས་མི་༢ བསྡོམས་ཏེ་ སྡོད་དོ་ཡོདཔ་ད་ བློན་ཆེན་ལས་ བརྡ་དོན་ཐོབ་ཅིག་ དེ་དང་འཁྲིལ་ཏེ་ དང་ལེན་འབད་འོང་ཟེར་ཨིནམ་ད་ གལ་སྲིད་ ཕྱི་འབྲེལ་ལྷན་ཁག་ ས་གོ་དེ་ནང་ལས་ སྤོ་བཤུད་མ་འབད་བ་ཅིན་ འཐུས་མི་ཚུ་གི་དོན་ལུ་ ས་གོ་མངམ་ཡོད་མི་ སྒྲིང་ཁྱིམ་གཞན་ཚུ་ འཚོལ་ཞིབ་འབད་དགོཔ་འོང་ཟེར་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཤདཔ་ཨིན་པས།
མ་གཞི་ ཕྱི་འབྲེལ་ལྷན་ཁག་དེ་ འཐུས་མི་ཚུ་གི་ ཡིག་ཚང་གི་ སྒྲིང་ཁྱིམ་ནང་ སྤོ་བཤུད་འབད་ནི་གི་ འཆར་གཞི་ཡོད་རུང་ ལྷན་ཁག་ནང་ ཁག་ཆེ་བའི་ཡིག་ཆ་ ལེ་ཤ་ཡོད་པའི་ཁར་ ཕྱི་འབྲེལ་གྱི་ སྐུ་མགྲོན་ལེ་ཤ་འོང་ནི་ཡོདཔ་ལས་ ལྷན་ཁག་གི་ ཡིག་ཚང་དེ་ཡང་ ལེགས་ཤོམ་ཅིག་ དགོཔ་ཡོད་ཟེར་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཕྱི་རྒྱལ་གྱི་ འཐུས་མི་ཚུ་ རྒྱལ་ཁབ་ནང་ འོང་པའི་སྐབས་ འགོ་དང་པ་ར་ ཕྱི་འབྲེལ་བློན་པོ་དང་ ཕྱད་དགོཔ་ལས་ ལྷན་ཁག་གི་ དྲུང་ཆེན་ཡིག་ཚང་དེ་ སྦོ་ལོགས་ཁར་དགོ་ཟེར་ཨིན་པས།
འཐུས་མི་ཚུ་ རྒྱལ་ཡོངས་ཚོགས་འདུའི་ སྒྲིང་ཁྱིམ་ནང་ སྤོ་བཤུད་འབད་རུང་ དུམ་གྲ་ཅིག་ དཀའ་ངལ་སེལ་ཐབས་ འབད་ཚུགས་ནི་ཨིནམ་ད་ འཐུས་མི་ཚུ་གི་ ཡིག་ཚང་ནང་ འཐུས་མི་རེ་གི་ ཞིབ་འཚོལ་འགོ་དཔོན་རེ་དང་ རྒྱལ་ཡོངས་ཚོགས་འདུའི་ ཡིང་ཚང་གི་ ལས་བྱེདཔ་ དེ་ལས་ འཐུས་མི་༦༤ སྡོད་དོ་ཡོདཔ་ཨིན་པས།
བློན་ཆེན་གྱིས་ ཚོགས་སྡེའི་ཡིག་ཚང་ལ་ལོ་ཅིག་ ཡིག་ཚང་གིས་ ལེན་དགོཔ་སྦེ་ གསུངས་སྟེ་ཡོད་མི་དེ་ཡང་ ཚོགས་སྡེའི་ཡིག་ཚང་དེ་ ཞལ་འཛོམས་ལྟེ་བའི་ནང་ སྤོ་བཤུད་འབད་ནི་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་གྱིས་ སླབ་མིའི་ནང་ གཞུང་གིས་ ལྷན་ཁག་རེ་ལུ་ ལོགས་སུ་སྦེ་ ཡིག་ཚང་རེ་ རྐྱབ་ནི་དང་ མཉམ་འབྲེལ་དང་ ཚུལ་མཐུན་སྦེ་ བློན་ཆེན་གྱི་ཡིག་ཚང་ རྐྱབ་ནི་ལུ་ གཙོ་རིམ་བཟུང་དགོཔ་འདུག་ཟེར་ཨིན་པས།
འདས་པའི་གཞུང་གིས་ འཆར་གཞི་༡༢ པའི་ནང་ ཕྱི་འབྲེལ་ལྷན་ཁག་གི་ སྒྲིག་ཁྱིམ་རྐྱབ་ནི་ལུ་ འཆར་དངུལ་བགོ་བཀྲམ་འབད་ཡོད་རུང་ ད་ལྟོའི་ གཞུང་གིས་ འཆར་དངུལ་དེ་ ཆ་མེད་བཏང་ཡོདཔ་ཨིན་པས།
ཕྱི་འབྲེལ་ལྷན་ཁག་དེ་ རང་དབང་སྦེ་བཞག་དགོཔ་ གལ་ཅན་ཅིག་ཨིནམ་མ་ཚད་ མ་འོངས་པའི་དོན་ལུ་ བློན་ཆེན་གྱི་ ཡིག་ཚང་དེ་ཡང་ ལོགས་སུ་སྦེ་ དགོཔ་ཡོད་མི་དེ་ ད་ལྟོ་ ལྷན་རྒྱས་གཞུང་ཚོགས་ཀྱི་ ལས་བྱེདཔ་ཚུ་ སོ་སོར་སྦེ་ཡོདཔ་ལས་ སྡེ་ཚན་ཐོག་ ལཱ་འབད་ནི་ལུ་ གདོང་ལེན་བྱུང་སྟེ་འདུག་ཟེར་ཨིན་པས།
སྒྲིང་ཁྱིམ་རྐྱབ་ནི་དེ་ གྲོས་ཐག་གང་མགྱོགས་ བཅད་དགོཔ་ཡོད་མི་དེ་ཡང་ ས་ག་ར་ ལག་ལེན་འཐབ་སྟེ་ རྫོགས་དོ་ཡོདཔ་ལས མ་འོངས་པ་ལུ་ ས་གོ་འཚོལ་ནི་ལུ་ ལཱ་ཁག་གཏང་འོང་ཟེར་ཨིནམ་ད གལ་སྲིད་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་ རྒྱལ་ཡོངས་ཚོགས་ཁང་གི་ ཡིག་ཚང་ནང་ སྤོ་བཤུད་འབད་ཚུགས་པ་ཅིན་ དྲུང་ཆེན་ཡིག་ཚང་དང་ ལཱ་འབད་ནི་ལུ་ སྟབས་བདེ་ནི་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ སྒྲིང་ཁྱིམ་ནང་ བློན་ཆེན་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ དེ་ལས་ ཚོགས་དཔོན་གོང་འོག་ཚུ་གི་ ཡིག་ཚང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *