སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལས་ རྩིས་ཞིབ་པའི་གྱངས་ཁ་མང་ཡོདཔ།

དེ་ཡང་ རྩིས་ཞིབ་དཔྱད་ཡིག་གི་ ཞལ་འཛོམས་ནང་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་༩ གིས་ གཏན་འཁེལ་བཟོ་མི་ལས་༣ རྐྱངམ་གཅིག་གིས་ བཅའ་མར་གཏོགས་ནུག།

༉ རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཆུང་གི་ ཞལ་འཛོམས་ཚུ་ནང་ བཅའ་མར་གཏོགས་མི་ ཚོགས་འདུའི་འཐུས་མི་ཉུང་སུ་ཅིག་ལས་མེད་པའི་ གནད་དོན་དེ་ ཡང་བསྐྱར་དུ་ ཐོན་ཡོད་པའི་ མངོན་གསལ་བྱུངམ་ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ རྩིས་ཞིབ་དཔྱད་ཡིག་༢༠༡༧ ཅན་མའི་སྐོར་ལས་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་མི་དེ་ནང་ སྤྱི་ཚོགས་ཀྱི་ མཉམ་རོགས་ཚུ་ བཅའ་མར་གཏོགས་པར་ འོང་མ་བཏུབ་མི་ལུ་ སེམས་ཕམ་དང་ དབུགས་འགམ་བྱུང་པའི་སྐོར་ རྒྱལ་ཡོངས་ཚོགས་འདུའི་ ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ རི་ཏུ་རཱཇ་ ཆེ་ཏི་རི་གིས་ ཁོ་རའི་གདོང་དེབ་ ཕེསི་བུག་ནང་ གསལ་བཀོད་འབད་ནུག།
རི་ཏུ་རཱཇ་ ཆེ་ཏི་རི་གིས་ སླབ་མིའི་ནང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཞུ་བ་འབདཝ་བཞིན་དུ་ ཞལ་འཛོམས་འགོ་འདྲེན་འཐབ་མི་དེ་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ལུ་ སྤྱི་ཚོགས་ཀྱི་ཚོགས་རིམ་ འགོ་མ་བཙུགས་པའི་ཧེ་མར་ རྩིས་ཞིབ་དབང་འཛིན་གྱི་ བསྐྱར་ཞིབ་གསལ་བཤད་ ཉན་དགོཔ་དེ་ གལ་གནད་ཅན་ཅིག་ཨིན་མི་དེ་ཡང་ དཔྱད་ཡིག་དེ་ རྩོད་རྙོགས་ཐོན་ཡོདཔ་ལས་ ཚོགས་ཐེངས་༡༡ པའི་ནང་ སྤྱི་ཚོགས་ལྷན་ཞུགས་ འཚོགས་པའི་སྐབས་ ཆ་འཇོག་འགྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༡༠ ལུ་ རྒྱལ་གཞུང་རྩིས་དབང་འཛིན་གྱི་ རྩིས་ཞིབ་ཡོངས་ཁྱབ་ཀྱིས་གཙོས་པའི་ འཐུས་མི་༥ རྒྱལ་ཡོངས་ཚོགས་འདུའི་ ཞལ་འཛོམས་ཁང་ནང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་དང་ དཔྱད་ཡིག་གི་སྐོར་ལས་ གྲོས་བསྟུན་འབད་བར་འོང་ཡོདཔ་ཨིན་པས།
མ་གཞི་ ཁྲིམས་བཟོ་ཚོགས་ཆུང་གིས་ བློན་པོ་ལྷན་རྒྱས་དང་ འཐུས་མི་ཚུ་ལུ་ ཞལ་འཛོམས་ནང་ བཅའ་མར་གཏོགས་དགོ་པའི་སྐོར་ལས་ སྙན་ཞུ་འབདཝ་ད་ འཐུས་མི་༩ གིས་ ཁ་བཟེད་ཡོད་རུང་ ཁྲི་འཛིན་རི་ཏུ་རཱཇ་ ཆེ་ཏི་རི་དང་ ཚོགས་དཔོན་འོགམ་ འཆི་མེད་རྡོ་རྗེ་ དེ་ལས་ མ་དཱན་ཀུ་མར་ ཆེ་ཏི་རི་༣ མ་གཏོགས་ གཏན་འཁེལ་སྦེ་ ཁ་བཟེད་མི་ འཐུས་མི་གཞན་ཚུ་ འོང་མ་བཏུབ་ཨིན་པས།
དེ་འབདཝ་ལས་ ཞལ་འཛོམས་ནང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལས་ རྩིས་ཞིབ་འགོ་དཔོན་ཚུ་གི་ གྱངས་ཁ་མང་ཡོདཔ་ཨིན་པས།
ཁྲི་འཛིན་གྱིས་ སླབ་མིའི་ནང་ རྩིས་ཞིབ་འགོ་དཔོན་ཚུ་ དཔྱད་ཡིག་སྐོར་ལས་ བསམ་འཆར་བཀོད་པར་ འོང་ཡོདཔ་ལས་ འཐུས་མི་ཚུ་གི་དོན་ལུ་ གོ་སྐབས་ལེགས་ཤོམ་ཡོད་མི་དེ་ཡང་ ད་རེས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་བྱ་རིམ་འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ལས་ འཐུས་མི་ཚུ་ག་ར་ ཐིམ་ཕུག་ལུ་ཡོད་ནི་དེ་གིས་ཨིན་ཟེར་ བཤདཔ་ཨིན་པས།
རྩིས་ཞིབ་འགོ་དཔོན་ཚུ་ཡང་ འཐུས་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བར་ འོང་མི་ལུ་ གུས་ཞབས་འབད་དགོཔ་འོང་ཟེར་ རི་ཏུ་རཱཇ་ ཆེ་ཏི་རི་གིས་ བཤད་པའི་ཁར་ དྲུང་ཆེན་ཡིག་ཚང་ལས་ བརྒྱུད་འཕྲིན་བཏང་རུང་ འཐུས་མི་ལ་ལོ་ཅིག་གིས་ རྒྱུན་འཕྲིན་འཐུ་མ་བཏུབ་པས་ཟེར་ བཤདཔ་ཨིན་པས།
འཐུས་མི་ག་ར་གིས་ ཟླ་རིམ་དངུལ་ཕོགས་ལེན་དོ་ཡོདཔ་ལས་ བྱ་ཐབས་མེད་པའི་ གནས་སྟངས་ནང་མ་གཏོགས་ འཐུས་མི་ཆ་མཉམ་གྱིས་ བཅའ་མར་གཏོགས་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ཞལ་འཛོམས་ནང་ ཁྲིམས་བཟོ་ཚོགས་ཆུང་གི་འཐུས་མི་ མ་འོང་མི་ཚུ་ཡང་ སྦྱིས་-དཀར་འཚོ་འདེམས་ཁོངས་ཀྱི་འཐུས་མི་ ཀུན་ལེགས་དབང་མོ་དང་ བདེ་བ་ཐང་-སྒོམ་དར་གྱི་འཐུས་མི་ མིང་པོ་འབྲུག་པ་ མནྡལ་སྒང་-དཀྱིལ་འཁོར་ཐང་གི་འཐུས་མི་ ཡོ་གིཤ་ཏ་མང་ སྒང་ཟུར་-སྨིན་སྦིས་འཐུས་མི་ ཀརྨ་རང་འགྲོལ་ ན་ནོང་-ཤུ་མར་གྱི་འཐུས་མི་ བདེ་ཆེན་བཟང་མོ་ རྩི་རང་སྟོད་ཀྱི་འཐུས་མི་ ནོ་བིན་ དར་ལ་མི་ དེ་ལས་ དགྲ་མེད་རྩེ་-སྔ་ཚང་གི་འཐུས་མི་ ཨོ་རྒྱན་དབང་འདུས་ཚུ་ཨིན་མི་ལས་ ཚོགས་ཆུང་གི་འཐུས་མི་ ཚོགས་དཔོན་འོགམ་ འཆི་མེད་རྡོ་རྗེ་རྐྱངམ་གཅིག་གིས་ གྲལ་གཏོགས་འབད་ནུག།
ལྡོག་ཕྱོགས་ཚོགས་པའི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ ཞལ་འཛོམས་ཀྱི་ ཚེས་གྲངས་དེ་ ཕར་འགྱངས་འབད་ཡོད་པ་ཅིན་ འཐུས་མི་ག་ར་གིས་ བཅའ་མར་གཏོགས་ཚུགས་ཚུགསཔ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞལ་འཛོམས་ག་ཅི་ནང་ར་འབད་རུང་ མ་ཆད་པར་ གྲལ་གཏོགས་འབདཝ་མ་ཚད་ རེས་གཟའ་ལྷག་པ་ ཨ་རྟག་ར་ ཁོང་རའི་ ཞལ་འཛོམས་འབད་དོ་ཟེར་ཨིནམ་ད་ དྲུང་ཆེན་ཡིག་ཚང་ལས་ བརྒྱུད་འཕྲིན་ལྷོདཔ་ད་ ཚེས་གྲངས་དེ་ནང་ གྲལ་གཏོགས་འབད་མི་ཚུགས་ཟེར་ ཞལ་འཛོམས་ཀྱི་ ཚེས་གྲངས་དེ་ ཕར་འཕུད་འབད་དགོཔ་སྦེ་ ཞུ་ཡི་ཟེར་ཨིན་པས།
ཀུན་གསལ་གྱིས་ ད་རེས་ནངས་པར་ འཐུས་མི་ག་ར་ ཐིམ་ཕུག་ལུ་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ད་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་གྲུབ་པ་གིས་ སླབ་མིའི་ནང་ ཁོ་ར་ ཞལ་འཛོམས་ནང་ མེད་པའི་ཁར་ ཞལ་འཛོམས་དེ་ཡང་ ཁྲིམས་བཟོ་ཚོགས་ཆུང་གིས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ཚོགས་ཆུང་རེ་ལུ་ ཚོགས་ཆུང་གི་དྲུང་ཆེན་རེ་ཡོདཔ་ལས་ ཁོང་གིས་ བཅའ་མར་གཏོགས་དོ་ཟེར་ཨིན་པས།
ཨིན་རུང་ སྤྱི་ཚོགས་ཀྱི་ ཚོགས་ཐེངས་༡༡ པ་འཚོགས་ཚུགས་མི་ཚུགས་ གཏན་འཁེལ་མེདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *