སྤྱི་ཚོགས་ཀྱི་འཐུས་མི་ཚུ་ལུ་ ཆེད་དུ་བཀོད་པའི་ལཱ་འགན་སྣུམ་འཁོར་རེའི་ ཐོབ་ལམ།

ཨིན་རུང་ སྣུམ་འཁོར་ནང་འདྲེན་ཐོབ་ལམ་ འཕྲོ་རྒྱུན་བཅད་ནི་ཨིན་པས།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་ ལྷག་ཐེངས་༣ པའི་གུ་ ཉིན་གྲངས་༣ གྱི་རིང་ གསུང་གྲོས་གནང་སྟེ་ མཇུག་བསྡུཝ་དང་འབྲེལ་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ལུ་ ཆེད་དུ་བཀོད་པའི་ལཱ་འགན་སྣུམ་འཁོར་རེའི་ ཐོབ་ལམ་ཡོདཔ་སྦེ་ ཆ་འཇོག་འབད་ཡི།
མ་གཞི་ འཐུས་མི་ལ་ལོ་ཅིག་གིས་ ཆེད་དུ་བཀོད་པའི་ལཱ་འགན་སྣུམ་འཁོར་ མི་དགོ་ནི་དང་ ད་ལྟོ་ཡོད་པའི་ ལཱ་འགན་སྣུམ་འཁོར་ཚུ་ འཕྲོ་རྒྱུན་བཅད་དགོ་པའི་ ཚ་གྱང་ཡོད་ལུགས་ཚུ་བཤད་ཡོད་རུང་ འཐུས་མི་ཚུ་ལུ་ ལགཔ་ཡར་འཐུ་བཅུག་པའི་སྐབས་ མང་མོས་ཐོག་ལས་ ཆ་འཇོག་གྲུབ་ཅི།
དཔྱད་ཡིག་གི་ ཟིན་བྲིས་དང་འཁྲིལཝ་ད་ ཆེད་དུ་བཀོད་པའི་ལཱ་འགན་སྣུམ་འཁོར་དེ་ གཞུང་གིས་ བསྐྱར་ཞིབ་ཐོག་ལས་ ཁུངས་ལྡན་མ་བཟོ་ཚུན་ བཀོད་ཁྱབ་སྡེ་རིམ་༣ པ་ཡན་ཆད་ཀྱི་ གོ་གནས་སྡེ་རིམ་ཚུ་གི་དོན་ལུ་ ད་རེས་ཡོད་པའི་ གནས་ཚད་ཁར་ རྒྱུན་སྐྱོང་འཐབ་དགོ་ཟེར་ཨིན་པས།
ཨིན་རུང་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གིས་ གྲོས་འདེབས་ཕུལ་ཡོདཔ་བཞིན་དུ་ གཞུང་གིས་བསྐྱར་ཞིབ་ཐོག་ལས་ ཁུངས་ལྡན་མ་བཟོ་ཚུན་ བཀོད་ཁྱབ་གནས་རིམ་༣ པ་ཡན་ཆད་ཀྱི་ གོ་གནས་འཆང་མི་དང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ལུ་ ཆེད་དུ་བཀོད་པའི་ལཱ་འགན་སྣུམ་འཁོར་ བྱིན་དགོཔ་སྦེ་ དོན་ཚན་དེ་ ལེགས་བཅོས་འབད་ཡོདཔ་ཨིན་པས།
ཨིན་རུང་ འབྲུག་གི་དངུལ་ཕོགས་བསྐྱར་བཟོའི་བཅའ་ཁྲིམས་༢༠༡༩ ཅན་མའི་འོག་ལུ་ སྣུམ་འཁོར་ཉོ་སྒྲུབ་ཀྱི་འཐུས་དང་ སྣུམ་འཁོར་ནང་འདྲེན་གྱི་ ཐོབ་ལམ་སྤྲོད་ཡོད་པའི་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ལུ་ གནས་ཡུན་ལོ་ངོ་༥ འི་ལྷག་ལུས་ཀྱི་ ཆ་སྙོམས་པའི་དངུལ་བསྡོམས་དེ་ ལོག་གཞུང་ལུ་ཕུལ་ཏེ་ ཆེད་དུ་བཀོད་པའི་ལཱ་འགན་སྣུམ་འཁོར་ ཐོབ་དབང་གི་གདམ་ཁ་ཡོདཔ་སྦེ་ ཆ་འཇོག་འབད་ཡི།
འཐུས་མི་ཚུ་གིས་ གྲོས་འདེབས་ལུ་ ངོས་ལེན་འབད་ཡོདཔ་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ ཟླ་རིམ་བཞིན་དུ་ དེད་གཡོག་པའི་འཐུས་ དངུལ་ཀྲམ་༡༠,༠༠༠ དང་ སྣུམ་དང་རྒྱུན་སྐྱོང་གི་འཐུས་ དངུལ་ཀྲམ་༡༠,༠༠༠ དེ་ལས་ སྣུམ་འཁོར་ཉོ་སྒྲུབ་ཀྱི་ སྟབས་གཅིག་ལག་སྤྲོད་འཐུས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡༦,༦༦༥ དང་ ཡང་ཅིན་ དངུལ་ཀྲམ་ས་ཡ་༡ ཐོབ་མི་དེ་ འཕྲོ་རྒྱུན་བཅད་ནི་ཨིན་པས།
གནད་དོན་དེ་ལུ་ གསུང་གྲོས་གནང་པའི་སྐབས་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གི་ཁྲི་འཛིན་འོགམ་ ཆོས་འཁོར་-སྟངས་ཀྱི་འཐུས་མི་ ཟླ་བ་གིས་ ཞུ་མིའི་ནང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ ཆེད་དུ་བཀོད་པའི་ ལཱ་འགན་སྣུམ་འཁོར་ཅིག་ ཐོབ་ལམ་འདུག་ཟེར་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་ ཞུ་མིའི་ནང་ བཀོད་ཁྱབ་སྡེ་རིམ་༣ པ་ཡན་ཆད་ཀྱི་ གོ་གནས་འཆང་མི་བཟུམ་སྦེ་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ཡང་ ལཱ་འགན་སྣུམ་འཁོར་ཐོབ་ལམ་བཟོ་མི་ལུ་ ཚ་གྱང་སྦོམ་སྦེ་ར་ ལང་དགོཔ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ཚོགས་དང་པ་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ སྣུམ་འཁོར་རེ་ མཁོ་སྒྲུབ་དང་ དེད་གཡོགཔ་རེ་བཙུགས་པ་ཅིན་ གཞུང་གི་ལུ་ ཟད་འགྲོ་ལྕི་དྲགས་ནི་མས་ཟེར་ སྣུམ་འཁོར་ཉོ་ནི་དེ་ ཏི་རུ་དང་ ཐོབ་སྐལ་བྱིན་ནི་སྦེ་ བཟོ་ཡི་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ཧེ་མ་བཟུམ་སྦེ་ ལྷན་རྒྱས་ཚུ་མ་བརྩིས་བར་ སྤྱི་ཚོགས་ཀྱི་འཐུས་མི་༥༨ ལུ་ སྟབས་གཅིག་ལག་སྤྲོད་དངུལ་ཀྲམ་ས་ཡ་༡ རེ་ བྱིན་སྲོལ་ཡོད་མི་དེ་ འཕྲོ་མཐུད་དེ་ར་ བྱིན་པ་ཅིན་ དངུལ་ཀྲམ་ས་ཡ་༥༨ ལས་བརྒལ་ མི་འགྱོ་བས་ཟེར་ཨིན་པས།
ཨིན་རུང་ སྤྱི་ཚོགས་ཀྱི་ འཐུས་མི་རེ་ལུ་ ཆེད་དུ་བཀོད་པའི་ལཱ་འགན་སྣུམ་འཁོར་རེ་ ཉོ་བྱིན་དགོ་པ་ཅིན་ སྣུམ་འཁོར་རེ་ལུ་ དངུལ་ཀྲམ་༣.༦ རེ་སྦེ་ བརྩིས་རྐྱབ་པ་ཅིན་ སྣུམ་འཁོར་༥༨ ལུ་ དངུལ་ཀྲམ་ས་ཡ་༢༠༨ གནས་དོ་ཡོདཔ་ལས་ མི་མང་གི་རྒྱུ་དངོས་ལུ་ ཐོ་སྦོམ་སྦེ་ར་ ཕོག་ཡོདཔ་སྦེ་མཐོང་ཅི་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ཞུ་ཡི།
བར་མཚམས་-གཤོང་ཕུག་གི་འཐུས་མི་ སྤྱི་ཚོགས་ཀྱི་ འཐུས་མི་རེ་ལུ་ སྣུམ་འཁོར་རེ་ ཐོབ་ལམ་བཟོ་པ་ཅིན་ ཟད་འགྲོ་ལྕི་དྲགས་ནི་ཨིན་པའི་ཁར་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ལུ་ སྣུམ་འཁོར་བྱིན་ནི་ལུ་ རྒྱབ་སྐྱོར་འབད་མེདཔ་མ་ཚད་ ད་ལྟོ་ཡོད་པའི་ སྣུམ་འཁོར་ཚུ་ཡང་ མེདཔ་བཟོ་དགོཔ་འདུག་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་འདི་ གོམས་པ་འདུན་སྐྱོད་འབད་བ་ཅིན་ ཆེད་དུ་བཀོད་པའི་ལཱ་འགན་སྣུམ་འཁོར་ཚུ་ ཡར་སེང་མེད་པར་ ཕར་ཕབ་འབད་དགོ་པའི་ཁར་ རྒྱལ་ཁམས་ཀྱི་ ཟད་འགྲོ་ཚུ་ ཕབ་དགོ་ཟེར་ཨིན་པས།
ཁ་སྨད་-ལུང་ནག་ནང་གི་འཐུས་མི་ ཡེ་ཤེས་སྒྲོལ་མ་གིས་ ཞུ་མིའི་ནང་ མི་སྡེ་བརྡ་བརྒྱུད་ནང་ གཞུང་གི་སྣུམ་འཁོར་ཚུ་ ལོག་སྤྱོད་འབད་ཡོད་པའི་ཚ་གྱང་ཚུ་ བཤད་དེ་འདུག་ཟེར་ཨིན་པས།
ཆུ་སྨད་-ཨུ་ར་གི་འཐུས་མི་ དྲུང་འཚོ་ཀརྨ་དབང་ཕྱུག་གིས་ ཞུ་མིའི་ནང་ བློན་ཆེན་ལས་འགོ་བཙུགས་ཏེ་ ལྷན་རྒྱས་དང་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ཚུ་གི་ ཆེད་དུ་བཀོད་པའི་ལཱ་འགན་སྣུམ་འཁོར་ཚུ་ འཕྲོ་རྒྱུན་བཅད་དགོཔ་འདུག་ཟེར་ཨིན་པས།
དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གི་ སྣུམ་འཁོར་ཚུ་ཡང་ གཞུང་གིས་ བསྐྱར་ཞིབ་ཐོག་ལས་ ཁུངས་ལྡན་མ་བཟོ་ཚུན་ དེ་ནང་བཙུགས་རུང་ མ་བཏུབ་མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ རྒྱལ་ཁབ་ནང་ བཀོལ་སྤྱོད་སྣུམ་འཁོར་༢,༢༧༩ དང་ ཆེད་དུ་བཀོད་པའི་ལཱ་འགན་སྣུམ་འཁོར་༤༠༦ ནདཔ་སྐྱེལ་ལེན་སྣུམ་འཁོར་༥༠༠ དེ་ལས་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་ཚུ་ འདུག་ཟེར་ཞུ་ཡི།
དངུལ་རྩིས་བློན་པོ་གིས་ ཞུ་མིའི་ནང་ བཀོལ་སྤྱོད་སྣུམ་འཁོར་ཚུ་ལུ་ སྣུམ་འཁོར་དེད་གཡོགཔ་རེ་ དེ་ལས་ རྒྱུན་སྐྱོང་དང་ ས་སྣུམ་གྱི་ཟད་འགྲོ་ཚུ་ཡོདཔ་ད་ གཞུང་གིས་ བསྐྱར་ཞིབ་ཐོག་ལས་ ཁུངས་ལྡན་བཟོ་ནི་ཟེརཝ་ད་ ཆེད་དུ་བཀོད་པའི་ སྣུམ་འཁོར་གྱི་ གྱངས་ཁ་མར་ཕབ་འབད་ནི་ཨིན་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ལོ་༢༠༢༣ ཟླ་༧ པ་ལས་ ཞི་གཡོགཔ་ཚུ་གིས་ སྣུམ་འཁོར་ནང་འདྲེན་གྱི་ཐོབ་ལམ་ དངུལ་ཀྲམ་ས་ཡ་༡.༥ དང་ དངུལ་ཀྲམ་༠.༢༥ ཐོབ་སྲོལ་ཡོད་མི་དེ་ མཚམས་འཇོག་འབད་ནི་སྦེ་ ཐག་བཅད་ཅི།
ཨིན་རུང་ སྤྱི་ལོ་༢༠༢༣ ཟླ་༧ པའི་ཚེས་༡ གི་ཧེ་མར་ ཐོབ་ལམ་ཡོད་པའི་ མི་དམངས་ལས་གཡོགཔ་ཚུ་ལུ་ སྣུམ་འཁོར་ནང་འདྲེན་གྱི་ཐོབ་ལམ་ བྱིན་དགོཔ་ད་ དངུལ་ཕོགས་བསྐྱར་བཟོའི་བཅའ་ཁྲིམས་༢༠༡༩ ཅན་མ་དང་འཁྲིལ་ ཐོབ་ལམ་ལེན་ཡོད་མི་ཚུ་ ཐོབ་ལམ་དེ་ མ་སྤྱོད་ཚུན་བཞག་དགོཔ་ཨིན་པས།
དངུལ་རྩིས་བློན་པོ་གིས་ ཞུ་མིའི་ནང་ གཞུང་གིས་ ལོ་༢ ཀྱི་ཧེ་མ་ལས་ སྣུམ་འཁོར་ནང་འདྲེན་འབད་ནིའི་དོན་ལུ་ དངུལ་རྐྱང་བྱིན་མི་དེ་ཡང་ ཚད་འཛིན་འབད་ཡོདཔ་བཞིན་དུ་ སྣུམ་འཁོར་ནང་འདྲེན་དེ་ཡང་ གནས་སྐབས་ཅིག་གི་རིང་ མཚམས་འཇོག་འབད་དེ་ཡོདཔ་བཞིན་དུ་ སྣུམ་འཁོར་ཐོབ་སྐལ་གྱི་ གནས་ཡུན་དེ་ཡང་ ཕར་འགྱངས་འབདཝ་ཨིན་ཟེར་ཨིན་པས།
ད་རིས་ དཔྱད་ཡིག་དེ་ ཆ་འཇོག་འབད་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *