སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ ཨ་ལོའི་དབང་ཆ་དང་ ལྷན་འཛོམས་སྙན་ཞུ་བཟོ་ནིའི་དོན་ལུ་ གྲལ་གཏོགས་འབད་ཡོདཔ།

༉ རྒྱལ་ཁབ་ནང་ ཨ་ལོའི་དབང་ཆ་དང་འབྲེལ་བའི་ དཀའ་ངལ་དང་གདོང་ལེན་ཚུ་ ག་ནི་ཡང་མེདཔ་སྦེ་ མཚན་རྟགས་བཀོད་དེ་ ཆ་འཇོག་གྲུབ་ཡོད་རུང་ ཁྲིམས་ཀྱི་ལམ་སྟོན་ཅིག་མེདཔ་ལས་ ཁྲིམས་རྩམ་མི་ཚུ་གིས་ བསྒྱུར་བཅོས་འབད་ནི་དང་ ལག་ལེན་འཐབ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།

དེ་ཡང་ འདས་པའི་བདུན་ཕྲག་ནང་ སྤྱི་ཚོགས་ཀྱི་འཐུས་མི་དང་ འགོ་དཔོན་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ གསལ་སྟོན་འབད་ཡོདཔ་ཨིན་པས།

ཞལ་འཛོམས་དེ་ཡང་ འབྲུག་གི་སྙན་ཞུ་ཅིག་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་མ་དངུལ་ཡུ་ནི་སེབ་དང་ ཚོགས་ཆུང་ལུ་ ཕུལ་ནིའི་དོན་ལས་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་ཀྱིས་ འཚོགས་ཡོདཔ་ཨིན་པས།

ཞལ་འཛོམས་དེ་ གཞུང་གི་ལས་སྡེ་དང་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་ དེ་ལས་ འབྲུག་གི་མི་སྡེ་ལས་ཚོགས་ཚུ་གི་བར་ན་ཡང་ འཚོགས་ནི་ཨིནམ་ད་ དེ་ཡང་ ཨ་ལོ་དང་ ན་ལོན་ཚུ་གིས་ ཨ་ལོའི་དབང་ཆ་ ག་དེ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་ནའི་སྐོར་ལས་ ཐབས་ལམ་བཏོན་ནིའི་དོན་ལུ་ ཨིན་པས།

གཞུང་གིས་ སྤྱི་ལོ་༡༩༩༠ ལུ་ ཨ་ལོའི་དབང་ཆའི་ཚོགས་ཆུང་ལུ་ སྙན་ཞུ་ཕུལ་ཡོདཔ་བཞིན་དུ་ སང་ཕོད་ སྤྱི་ཟླ༩ པའི་ནང་ སྙན་ཞུ་ཐེངས་༦ པ་དང་༧ པ་ཕུལ་ནི་ཨིན་པས།

ཨ་ལོའི་སྡེ་ཕྲན་ལས་རིམ་འགོ་དཔོན་ ཨྱོན་དབང་ཕྱུག་གིས་ སླབ་མིའི་ནང་ དུས་ཚོད་ཁར་ སྙན་ཞུ་འབད་དགོ་མི་དེ་ གདོང་ལེན་ག་ཅི་ཡོདཔ་ཨིན་ན་ བསྐྱར་ཞིབ་འབད་ནིའི་ གོ་སྐབས་ཨིནམ་མ་ཚད་ ལག་ལེན་འཐབ་པའི་སྐབས་ མི་སྡེ་ལས་ཚོགས་དང་ གཞུང་གི་བར་ན་ གདོང་ལེན་སྐོར་ལས་ བསམ་འཆར་ལེན་ནིའི་ གོ་སྐབས་ཅིག་ཡང་ ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ཨ་ལོ་དང་ཨམ་སྲུའི་ལྷན་ཚོགས་ལུ་ ཨ་ལོའི་དབང་ཆ་ལག་ལེན་འཐབ་ནིའི་ དབང་ཚད་མེདཔ་ལས་ ཚོགས་ཆུང་གིས་ མཉམ་འབྲེལ་དང་སྲིད་བྱུས་ དེ་ལས་ ཁྲིམས་ཚུ་ ག་དེ་སྦེ་ ལེགས་བཅོས་འབད་ནི་ཨིན་ན་ ཞིབ་རྟོགས་བྱུང་ཡི་ཟེར་ཨིན་པས།

སྤྱི་ཚོགས་ཀྱི་འཐུས་མི་ཚུ་ གྲལ་གཏོགས་འབད་དགོཔ་ ཁག་ཆེ་མི་དེ་ཡང་ འགྲོ་བ་མིའི་དབང་ཆ་དང་ ཨམ་སྲུ་དང་ཨ་ལོའི་ཚོགས་ཡོདཔ་ལས་ རྒྱབ་སྣོན་ཚུ་ ལག་ལེན་འཐབ་བཅུག་ནི་ནང་ ཕན་ཐོགས་འབྱུང་ཐབས་དང་ འབྲེལ་བ་ཡོད་ནི་དེ་གིས་ཨིན་ཟེར་ ཨྱོན་དབང་ཕྱུག་གིས་ བཤད་པའི་ཁར་ སྲིད་བྱུས་དང་ཁྲིམས་ཆ་འཇོག་འབད་བའི་སྐབས་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ ངོས་ལེན་འབད་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།

ཞིབ་རྟོགས་ནང་ བསྒྱུར་བཅོས་ཁག་༥༠ དེ་ཅིག་ སྤྱི་ཚོགས་ཀྱིས་ གྲལ་གཏོགས་འབད་དེ་ ལག་ལེན་འཐབ་དགོཔ་སྦེ་ རྒྱབ་སྣོན་འབད་ཡོདཔ་ཨིན་པས།

འཛམ་གླིང་སྤྱི་ཚོགས་ནང་ ངོ་སྤྲོད་འབད་ནི་རྐྱངམ་གཅིག་མེན་པར་ ཞལ་འཛོམས་དེ་ ཨ་ལོའི་དབང་ཆ་ལག་ལེན་དང་ སྲིད་བྱུས་ ལས་རིམ་དང་འཆར་དངུལ་ཚུ་ ལྟ་རྟོག་འབད་ནིའི་ དམིགས་གཏད་ཅིག་ཡང་ ཨིན་པས།

རྒྱལ་ཡོངས་ཨ་ལོ་དང་ཨམ་སྲུའི་ལྷན་ཚོགས་ཀྱི་ མདོ་ཆེན་གྱི་ སྒྲིག་གཡོག་རྒྱུག་མི་ ཨོ་རྒྱན་མཚོ་མོ་གིས་ སླབ་མིའི་ནང་ ཞལ་འཛོམས་དེ་ ཨ་ལོའི་དབང་ཆ་བསྒྱུར་བཅོས་འབད་མི་དེ་ ཧ་གོ་ནི་དང་ རྒྱལ་སྤྱིའི་ལྷན་འཛོམས་འབད་བའི་སྐབས་ རྒྱལ་ཁབ་ནང་ ཁྲིམས་ཨིན་པའི་བརྩི་འཇོག་དང་ རྒྱལ་ཁབ་ཀྱི་ ཁྲིམས་དང་འབྲེལ་མཐུན་བཟོ་ནིའི་ དམིགས་གཏད་ཨིན་ཟེར་ཨིན་པས།

ཁྲིམས་ལ་ལོ་ཅིག་ ཕྱོགས་རིས་དང་ ཨ་ལོའི་སྐྱིད་སྡུག་ལུ་ གནོད་ཉེན་ཡོདཔ་ལས་ བསྒྱུར་བཅོས་འབད་ནིའི་ དུས་ཚོད་ཅིག་ཡང་ཨིན་ཟེར་ མོ་གིས་སླབ་ཨིན་པས།

དཔེ་འབད་བ་ཅིན་ ཨའི་གིས་ ཨ་ལོ་གསོ་མ་ཚུགས་པར་ བུ་ཚབ་སྦེ་སྤྲོད་པ་ཅིན་ ཨའི་གི་ ཨ་ལོའི་ངོ་སྤྲོད་ལག་ཁྱེར་མེད་པར་ བྱིན་མི་ཆོག་ཟེར་ཨིན་པས།

ཞལ་འཛོམས་དེ་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ མནོ་བསམ་གཏང་ནིའི་དོན་ལུ་ཨིནམ་ད་ ཁྲིམས་ཚུ་ གོ་ཡངས་བཟོ་ནི་དང་ ཁྲིམས་བཟོ་མི་ཚུ་ མནོ་བསམ་རྒྱ་ཆེ་དྲགས་སྦེ་གཏང་ནིའི་ དུས་ཚོད་ཅིག་ཡང་ཨིན་ཟེར་ སྤྱི་ཚོགས་ཀྱི་འཐུས་མི་ འགྱུར་མེད་དབང་ཕྱུག་གིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མི་མང་ཤོས་ཀྱིས་ འགྲོ་བ་མིའི་དབང་ཆ་དང་ ཕྱིའི་གོ་ལུགས་ཨིན་པའི་ མནོ་བསམ་བཏངམ་མས་ཟེར་ཨིནམ་ད་ དེའི་གོ་ལུགས་དེ་ ང་བཅས་ཀྱི་ རྩ་ཁྲིམས་ཆེན་མོ་ནང་ཡོད་ཟེར་ ཨིན་པས།

འཐུས་མི་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ འགྲོ་མིའི་དབང་ཆ་ལྷན་ཚོགས་ཅིག་ གཞི་བཙུགས་འབད་དེ་ མི་སེར་ཚུ་ལུ་ གོ་བརྡ་སྤྲོད་དགོ་པའི་ དུས་ཚོད་རན་ནུག་ཟེར་ཨིནམ་ད་ རྒྱལ་ཡོངས་ཚོགས་འདུ་དང་ ཚོགས་སྡེའི་ཚོགས་ཆུང་གིས་འབད་རུང་ ལྷན་ཚོགས་ཀྱི་འོག་ལུ་ ལཱ་འབད་ཚུགས་ནི་མས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འབྲུག་རྒྱལ་ཁབ་ལུ་ རྒྱབ་སྣོན་ཚུ་ ལག་ལེན་འཐབ་ནིའི་ནང་ གདོང་ལེན་ཡོད་རུང་ འགྲོ་བ་མིའི་དབང་ཆའི་སྐོར་ལས་ གོ་བརྡ་སྤྲོད་དགོཔ་འདུག་ཟེར་ཨིན་པས།

ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ་གིས་ ཨ་ལོ་བདག་འཛིན་དང་ཉེན་སྐྱོབས་བཅའ་ཁྲིམས་༢༠༡༡ ཅན་མ་ བསྐྱར་ཞིབ་འབད་མི་ལུ་ ལྷན་འཛོམས་ནང་ དབང་ཆ་ཚུ་ ཚུད་དགོ་པའི་ཚ་གྱང་ཚུ་ གྲོས་བསྡུར་འབད་ཡོདཔ་ད་ ཨ་ལོའི་དབང་ཆ་ཉེན་སྐྱོབས་འབད་ཐབས་དང་ ཨ་ལོའི་དབང་ཆ་ལྟ་རྟོག་དང་ཞིབ་དཔྱད་འབད་མི་ དེ་ལས་ འགྲོ་བ་མིའི་དབང་ཆའི་སྤེལ་ཁང་ལོགས་སུ་སྦེ་ གཞི་བཙུགས་འབད་དགོ་པའི་ རྒྱབ་སྣོན་འབད་ནུག།

དེ་བཟུམ་སྦེ་ མི་རྩིས་བཅའ་ཁྲིམས་༡༩༨༥ ཅན་མའི་ནང་ མི་རྩིས་ཐོ་བཀོད་དང་ སྐྱེས་ཚེས་ཀྱི་ལམ་ལུགས་ཚུ་ བསྐྱར་ཞིབ་འབད་ནི་དང་ ཨོ་ལོའི་ཨའི་ཡ་གཅིག་གིས་ ཨའི་དང་ ཡང་ན་ ཨ་པ་ འབྲུག་པའི་མི་ཁུངས་ནང་བཙུགས་མི་དེ་ འབྲུག་པའི་མི་ཁུངས་ངེས་བརྟན་མེན་པའི་ གྲོས་འཆར་ཡང་ ཕུལ་ཡོདཔ་ཨིན་པས།

གཞན་མི་ རྒྱབ་སྣོན་དེ་ གཞུང་གིས་ མ་དངུལ་ཡར་སེང་དང་ བགོ་བཀྲམ་ ཉེ་རིང་ཕྱེ་ནི་ དེ་ལས་ རྒྱལ་ཡོངས་ཨ་ལོའི་སེམས་ཁམས་ལ་སོགས་པ་ཚུ་ བཟོ་དགོ་པའི་ རྒྱབ་སྣོན་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *