མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་དང་གཅིག་ཁར་ ལྷན་བཞུགས་གནང་པའི་བསྒང་།

སྤྱི་ཚོགས་ཀྱིས་ མི་དབང་མཆོག་ལུ་ བཀའ་དྲིན་དགའ་ཚོར་ཞུ་ཡོདཔ།

༉ ཁ་ཙ་ སྤྱི་ཚོགས་༢ པའི་ཚོགས་ཐེངས་༡༠ པ་ མཇུག་བསྡུའི་རྟེན་འབྲེལ་ནང་ གཞུང་སྐྱོང་དང་ ལྡོག་ཕྱོགས་ དེ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འགོ་ཁྲིདཔ་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གུས་བཏུད་དང་ བཀྲིན་དགའ་ཚོར་ཞུ་ཡི།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སྐལ་བ་བཟང་མི་བཟང་ལས་བལྟ་བ་ཅིན་ འབྲུག་མི་ལས་ སྐལ་བ་བཟང་མི་ཅིག་ ག་ཡང་མི་འོང་ནི་ཨིན་མི་དེ་ཡང་ རྒྱལ་ཁབ་ཀྱི་ རང་བཙན་དང་སྐྱིད་སྡུག་ལམ་ལུགས་ ནང་པའི་ཆོས་ཚུ་ག་ར་ སྒྲིང་སྒྲི་ཡོད་ནི་དེ་གིས་ཨིན་ཟེར་ ཞུ་ཡི།
བློན་ཆེན་གྱིས་ མི་དབང་མཆོག་གིས་ ཡ་མཚན་ཆེ་བའི་ ཕྱག་ལཱ་མཛད་གནང་མི་ལུ་ བཀྲིན་དགའ་ཚོར་ ཞུ་ཡོདཔ་ད་ རང་དབང་གི་སྲོག་ཤིང་དང་ དབང་ཕྱུག་བརྒྱུད་འཛིན་གྱི་ རྒྱལཔོ་ཚུ་གིས་ རྒྱལ་ཁབ་ག་གི་འོག་ལུ་ཡང་ ཚུད་མ་བཅུག་པར་བཞག་སྟེ་ དགའ་སྐྱིད་ཀྱི་ངང་ལུ་ གནས་ཡོད་པའི་ཁར་ དེ་གི་ནང་ལས་ཡང་ འབྲུག་རྒྱལ་བཞི་པ་མཆོག་གིས་ ཕྱི་ནང་གསང་གསུམ་གྱི་ཐོག་ལས་ རྒྱལ་ཁབ་ལུ་ ཐོ་ཕོག་མ་བཅུག་པའི་ཁར་ མི་དབང་མཆོག་གིས་ ཉིན་ནུབ་མེད་པར་ རྒྱལ་ཁབ་ཀྱི་དོན་ལུ་ ཕྱག་ལཱ་མཛད་དེ་ ཧེ་མ་བ་ལྷགཔ་སྦེ་ རང་བཙན་བཟོ་གནང་ཡི་ཟེར་ ཞུ་ཡི།
འདས་པའི་ཟླཝ་ཚུ་ནང་ འབྲུག་གི་ནུབ་ཕྱོགས་རྫོང་ཁག་ནང་ དོག་ལམ་ལུ་ ས་མཚམས་ཀྱི་ བྱ་སྟབས་མ་བདེཝ་ཐོན་པའི་སྐབས་ རྒྱལ་ཁབ་ཀྱི་རང་བཙན་ལུ་ ཉེན་ཁ་ག་དེམ་ཅིག་ཡོདཔ་ཨིན་ན་ འབྲུག་མི་ག་ར་གིས་ ཤེས་པའི་ཁར་ ཐོ་ཕོག་ཉེན་སྦོམ་ཡོད་པའི་སྐབས་ མི་དབང་མཆོག་གི་སྐུ་དྲིན་ལས་ རྒྱལ་ཁབ་ཀྱི་རང་དབང་ལུ་ ཐོ་ཆུང་ཀུ་ཅིག་ཡང་ ཕོག་མ་བཅུག་ཟེར་ ཞུ་ཡི།
དེ་བསྒང་ མི་སེར་ཚུ་ལུ་ ཚ་གྱང་ཨ་ཙི་ཅིག་ཡང་ ལང་མ་བཅུག་པར་ མི་དབང་མཆོག་གིས་ ས་གནས་དེ་ཁར་ སྐུ་དངོས་སུ་སྦེ་བྱོན་ཏེ་ ཚབས་ཆེན་གྱི་ དཀའ་ངལ་ཚུ་སེལ་གནང་སྟེ་ འབྲུག་པའི་ རང་བཙན་སྒྲིང་སྒྲི་བཟོ་གནངམ་ལས་ མི་དབང་མཆོག་ རང་དབང་གི་སྲོག་ཤིང་ཨིནམ་ལས་ འབྲུག་མི་ཚུ་གི་ མགྲིན་ཚབ་སྦེ་ དགའ་ཚོར་ཡོད་ཟེར་ བློན་ཆེན་གྱིས་ ཞུ་ཡི།
མི་དབང་མཆོག་ལུ་བརྟེན་ འབྲུག་མི་ཚུ་ བག་ཕེབས་ཏོག་ཏོ་སྦེ་ སྡོད་ཚུགས་ཡོདཔ་མ་ཚད་ སྐྱིད་སྡུག་གི་ནང་ལས་ མི་སེར་ཚུ་ ཁག་ཆེ་ཤོས་ ས་ཆ་དེ་ཨིནམ་ལས་ མི་དབང་ཞབས་ལས་ སའི་སྐྱིད་སྡུག་དང་ དབུལ་ཕོངས་ཀྱི་ དཀའ་ངལ་སེལ་ཐབས་ལུ་ གཞི་གསར་དང་ ལ་གོང་གསུམ་གྱི་དོན་ལུ་ རྩྭ་འབྲོག་ཚུ་ ཧེ་མ་ག་ཨིནམ་སྦེ་ བཟའ་ཆོག་པའི་དོན་ལུ་ ཞིབ་འཚོལ་འབད་དགོ་པའི་ བཀའ་རྒྱ་གནང་སྟེ་ཡོད་ཟེར་ཨིན་པས།
ལོ་ན་རྒན་རྒས་ཚུ་ལུ་ ཟླ་རིམ་གྱི་འཐུས་དང་ མི་ཁུངས་དང་ རྒྱལ་པོའི་ལྟོ་གཟན་གྱི་སྐྱིད་སྡུག་དང་ རང་བཞིན་རྐྱེན་ངན་ཚུའི་སྐབས་ སྐྱིད་སྡུག་ཚུ་ གནང་བཞིན་དུ་ཡོད་ཟེར་ བློན་ཆེན་གྱིས་ ཞུ་ཡོདཔ་ད་ འབྲུག་མི་ག་གིས་ཡང་ མི་དབང་མཆོག་ལས་ སྐྱིད་སྡུག་མ་འཐོབ་མི་མེདཔ་ལས་ མི་དབང་མཆོག་ སྐྱིད་སྡུག་གི་ཕམ་ཨིན་ཟེར་ ཞུ་ཡི།
རྒྱལ་ཁབ་ནང་ དམངས་གཙོའི་སྐབས་ལུ་ ཉེན་ཁ་ག་དེ་སྦེ་ འོང་ནི་ཨིན་ན་ཚུ་ ཚ་གྱང་ལང་ཡོད་རུང་ ད་རེས་འབདཝ་ད་ ཉེན་ཁག་མེད་པར་ མི་སེར་གྱི་ རེ་འདོད་གྲུབ་མི་དེ་ མི་དབང་མཆོག་གི་ བཀའ་དྲིན་ལུ་བརྟེན་ དཀའ་ངལ་ག་ནི་ཡང་མེད་མི་དེ་ཡང་ མི་དབང་མཆོག་ལས་ བཀའ་སློབ་ལེགས་ཤོམ་ གནང་མི་ལུ་བརྟེན་ཨིན་ཟེར་ ཞུ་ཡི།
རྒྱལ་ཁབ་ཀྱི་ གྲུབ་འབྲས་ལེགས་ཤོམ་ཐོན་མི་དེ་ཡང་ རྩ་བ་གསུམ་ལུ་ ཕྱག་ཞུ་ནིའི་ གོ་སྐབས་ཐོབ་མི་ལུ་བརྟེན་ཨིན་ཟེར་ བློན་ཆེན་གྱིས་ ཞུ་ཡི།
ཆོས་སྲིད་གཉིས་ཀྱི་བདག་པོ་ མི་དབང་མཆོག་གི་ མཛད་བྱ་ཚུ་ག་ར་ ཆོས་ཀྱི་ཐོག་ལས་ མཛད་བཞིན་དུ་ཡོད་པའི་ཁར་ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་དེ་ འབྲུག་རྒྱལ་ཁབ་ནང་མ་གཏོགས་ རྒྱལ་ཁབ་གཞན་ ག་ཏེ་ལུ་ཡང་ འབྲུག་ལུ་ དར་ཁྱབ་འགྱོ་དོ་བཟུམ་སྦེ་ མེད་པའི་ཁར་ སྐྱབས་རྗེ་མཆོག་གིས་ རྒྱལ་ཁབ་མཐའ་དབུས་མེད་པར་ དམ་པའི་ཆོས་ཀྱི་ དཀྱིལ་འཁོར་བསྐོར་ཡོདཔ་ད་ ཧིན་དུའི་བླམ་ཚུ་གིས་ཡང་ ཅོག་ར་འཐདཔ་སྦེ་ མཛད་བཞིན་དུ་ཡོད་ཟེར་ ཞུ་ཡི།
རྒྱལ་ཁབ་ནང་ དམ་པའི་ཆོས་དར་ཏེ་ཡོད་མི་དེ་ཡང་ གཙོ་བོ་ར་ ཆོས་དང་སྲིད་གཉིས་ཆ་རའི་ དབུ་ཁྲིད་དམ་པ་ མི་དབང་མཆོག་གིས་ ཡ་མཚན་ཆེ་བའི་ མཛད་བྱ་ལུ་བརྟེན་ཨིན་ཟེར་ ཞུ་ཡོདཔ་ད་ མི་དབང་མཆོག་གིས་ གོང་འཕེལ་དང་ ཆོས་ཀྱི་དོན་ལུ་ ཕྱག་ལཱ་མཛད་མི་དེ་ཡང་ ཕྱི་ལྟར་མི་སེར་གྱི་རྒྱལཔོ་དང་ ནང་ལྟར་ ཡིད་བཞིན་གྱི་ནོར་བུ་ཨིནམ་ལས་ མི་དབང་མཆོག་ལུ་ འབྲུག་མི་ཡོངས་ཀྱི་ ངོ་ཚབ་སྦེ་ བློན་ཆེན་གྱིས་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ ཞུ་ཡི།
རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ བསོད་ནམས་ཀུན་དགའ་གིས་ སྤྱི་ལོ་༢༠༡༣ གྱི་ དུས་ཆེན་ལྔ་འཛོམས་སྐབས་ ཚོགས་སྡེའི་འཐུས་མི་ཚུ་གིས་ བཙག་འཐུ་འགྲུབ་པའི་ཤུལ་ལས་ མི་དབང་མཆོག་གི་ གསེར་ཁྲི་ལས་ བདག་རྐྱེན་གནངམ་ད་ མི་དབང་མཆོག་གིས་ ཚོགས་སྡེ་གིས་ ནམ་ར་འབད་རུང་ མི་སེར་གྱི་ཡིད་ཆེས་ཚུགསཔ་དང་ ཚོགས་སྡེ་དེ་ ལྡོག་ཕྱོགས་མེན་པར་ འཚེར་ཉམས་དང་དགག་བཤེར་གྱི་ གཙུག་སྡེ་ཨིན་ཟེར་ འཕྲལ་ཕུག་གི་དོན་ལུ་ ལཱ་འབད་དགོ་པའི་ བཀའ་སློབ་གནང་མི་བཞིན་དུ་ ཕྱག་ཞུ་ཡི་ཟེར་ཞུ་ཡི།
ཁྲི་འཛིན་གྱིས་ མི་སེར་གྱི་ཁ་རྗེ་ལས་བརྟེན་ འབྲུག་མི་ཚུ་གི་དོན་ལུ་ མི་དབང་མཆོག་དང་ རྒྱལ་བཙུན་རྣམ་གཉིས་ཀྱིས་ རྒྱལ་སྲས་གནང་མི་དེ་ མ་འོངས་པའི་དོན་ལུ་ གསོལ་རས་ཨིནམ་ལས་ བཀྲིན་ཆེ་བའི་ཁར་ སྤྱིར་བཏང་གི་ཨ་ལོ་ཨིན་པ་ཅིན་ ལོ་ལེ་ཤ་འགྱོ་རུང་ མས་བཏགས་མི་ཚུགས་ནི་ཨིན་རུང་ མི་དབང་རྒྱལ་སྲས་མཆོག་ དགུང་ལོ་༢ མ་བཞེསཔ་ལས་ མི་དབང་མཆོག་དང་ རྒྱལ་བཙུན་དང་གཅིག་ཁར་ རྒྱ་གར་ལུ་ ཆིབས་སྐྱོད་གནངམ་ད་ ཡ་མཚན་ཆེ་བའི་ མཛད་བྱ་མཛད་མི་དེ་ ཡིད་རངས་པའི་ གཞི་ཨིན་མས་ཟེར་ཞུ་ཡི།
རྒྱལ་སྲས་མཆོག་གིས་ ཞལ་ལས་གསུང་མ་ཚུགས་རུང་ མཛད་བྱའི་བྱ་བ་མཛད་མི་དེ་ ལྷན་ཁག་དང་ ལས་སྡེ་ཚུ་གིས་ ལོ་ངོ་བཅུ་ཕྲག་ལས་ལྷག་སྟེ་ ལཱ་འབད་མི་བ་ལྷག་སྟེ་ དུས་ཡུན་ཐུང་ཀུ་ཅིག་ནང་ རྒྱ་འབྲུག་གི་མཐུན་ལམ་དེ་ དམ་ཟབ་དང་ ཡར་དྲག་བཟོ་གནང་ཡི་ཟེར་ཞུ་ཡི།
སྤྱི་ཚོགས་ཀྱི་ནང་ ཁྲིམས་ག་བཟུམ་བཟོ་རུང་ མི་དབང་མཆོག་གིས་ བཀའི་གནང་བ་གྲོལ་གནང་ཡོདཔ་ད་ རྒྱབ་སྐྱོར་ཚུ་གནང་བཞིན་དུ་ཡོད་པའི་ཁར་ འཛམ་གླིང་ནང་ དཔེ་སྟོན་བཏུབ་པའི་ དམངས་གཙོའི་རིང་ལུགས་བཟོ་ཡོད་མི་དེ་ མི་དབང་མཆོག་གི་ ལམ་སྟོན་བཟང་པོ་ གནང་མིའི་འབྲས་བུ་ཨིན་ཟེར་ ཞུ་ཡི།
མི་དབང་མཆོག་གིས་ འཛམ་གླིང་གི་འགྱུར་བ་དང་བསྟུན་ ད་ལས་ཕར་ གནས་སྟངས་ག་བཟུམ་འཐོན་འོང་ག་ སླབ་མི་ཤེས་ཟེར་གསུངས་མི་ལུ་ ཁྲི་འཛིན་གྱིས་ མི་དབང་མཆོག་གི་དབུ་ཁྲིད་འོག་ལུ་ གདོང་ལེན་དང་དཀའ་ངལ་ཚུ་ ག་བཟུམ་འབྱུང་རུང་ འབད་མ་ཚུགསཔ་ཅིག་ མི་འོང་ནི་མས་ཟེར་ ཞུ་ཡི།
རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་ གཞི་བཙུགས་འབད་བའི་ཤུལ་ལས་ གཞུང་གི་ འགོ་དཔོན་མང་རབས་ཅིག་གིས ཁྱད་འཕགས་ཀྱི་སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་དེ་གིས་ གཞུང་གི་ཡིག་ཚང་ནང་ ལཱ་འབད་མི་ཚུ་གི་ལྕོགས་གྲུབ་ཚུ་ ཡར་དྲག་བཏང་ཡོད་མི་ལུ་ཡང་ མི་དབང་མཆོག་གིས་ སྤེལ་ཁང་གཞི་བཙུགས་གནང་མི་ལུ་ དགའ་ཚོར་ཡོད་ཟེར་ ཞུ་ཡི།
དེ་བཟུམ་སྦེ་ རང་བཞིན་གྱི་རྐྱེན་ངན་ཚུ་ བྱུང་བའི་སྐབས་ལུ་ཡང་ མི་སྡེའི་ཕན་ཐབས་ལུ་དམིགས་ཏེ་ བདེ་སྲུང་གི་ ལས་རིམ་དེ་གིས་ མི་སྟོང་ཕྲག་ལས་བཅད་མི་ལུ་ སྦྱོང་བརྡར་གྱི་ ཁེ་ཕན་བྱུང་སྟེ་ཡོད་ཟེར་ ཞུ་ཡི།
སྤྱི་ལོ་༢༠༡༦ ལུ་ མི་དབང་རྒྱས་སྲས་མཆོག་ འཁྲུངས་མི་དེ་གིས་ཡང་ མི་སེར་ཚུ་གིས་ དབང་ཕྱུག་བརྒྱུད་འཛིན་གྱི་འོག་ལུ་ དུས་བརྒྱུན་དུ་ དགའ་སྐྱིད་ཀྱི་དཔལ་ལུ་ སྤྱོད་སྡོད་ཚུགས་ནི་ཨིནམ་ལས་ སེམས་དགའ་སྟེ་ཡོད་ཟེར་ཞུ་ཡི།
རྒྱལ་སྲས་མཆོག་གིས་ མི་དབང་མཆོག་དང་རྒྱལ་བཙུན་མཆོག་ལས་ བྱམས་པ་དང་ བརྩེ་བ་འཐོབ་ཚུགས་པའི་ཁར་ འབྲུག་རྒྱལ་བཞི་པ་མཆོག་ལས་ཡང་ མཁས་པའི་ཡི་ཤེས་དང་བཀའ་སློབ་ཚུ་ཡང་ ཞུ་ཚུགས་ནི་ཨིན་མས་ཟེར་ ཞུ་ཡི།
སྐྱབས་རྗེ་མཆོག་གིས་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་སྦེ་ ཟླ་ངོ་གསུམ་གྱི་རིང་ རྒྱལ་བའི་བཀའ་འགྱུར་གྱི་ལུང་ གནང་མི་དེ་གིས་ འབྲུག་རྒྱལ་ཁབ་ཀྱི་ མི་དང་དོན་མཐུན་པའི་མིང་གཏམ་ འཛམ་གླིང་ནང་ དར་ཁྱབ་སོང་སྟེ་ཡོད་ཟེར་ ཞུ་ཡི།
ལྡོག་ཕྱོགས་ཚོགས་པ་གིས་ ཁས་བླངས་དང་འཁྲིལ་འབད་ཡོདཔ་ལས་ མ་འོངས་ལྡོག་ཕྱོགས་ཀྱི་དོན་ལུ་ དཔེ་སྟོན་ནིའི་ལཱ་འགན་ཚུ་འབག་ཡི་ཟེར་ ཞུ་ཡོདཔ་ད་ ཚོགས་པ་གིས་ ནམ་ར་འབད་རུང་ མི་དབང་མཆོག་དང་ རྩ་ཁྲིམས་ཀྱི་དགོངས་དོན་དང་འཁྲིལ་ གྲུབ་ཐབས་ལུ་དམིགས་ཏེ་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིནམ་ལས་ ཉེན་ཁ་ཚུ་ སེམས་ཁར་བཞག་སྟེ་ ཚོགས་ཁང་ནང་ སྐྱོན་བརྗོད་འབད་མི་ཚུ་ག་ར་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་ དམིགས་ཏེ་མ་གཏོགས་ ལྡོག་ཕྱོགས་ཚོགས་པ་འབད་ནིའི་ མཐའ་དོན་ཁོ་ན་ལུ་དམིགས་ཏེ་ རྒྱབ་འགལ་སྦེ་ རྩ་ལས་མ་ཞུ་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ཞུ་ཡི།
མི་སེར་གྱི་ མཐའ་དོན་ལུ་ཨིན་པ་ཅིན་ གཞུང་ལུ་ སྤྲོ་བའི་ཐོག་ལས་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ གཞུང་གིས་འཛོལ་བ་འབད་མི་ཚུ་ལུ་ ཚོགས་པ་གིས་ གྲོས་འདེབས་ཚུ་འབད་ཡི་ཟེར་ ཞུ་ཡི།
ཚོགས་ཐེངས་མཇུག་བསྡུའི་རྟེན་འབྲེལ་ནང་ མི་དབང་རྒྱལ་བཙུན་མཆོག་དང་ གཞུང་གི་དཔོན་ཁག་དང་ དཔོན་ཁག་བགྲེསཔ་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *