གསར་བསྒྲུབས་འབད་མི་ རང་ལུགས་ཀྱི་ཁྱིམ།

སྤྱི་དོན་ཁང་ གསར་བསྒྲུབས་འབད་མི་གིས་ གུང་པ་༢༩ ལུ་ ཕན་ཁྱད་འབྱུང་ནི།

༉ མོང་སྒར་ སི་ལམ་སྦིས་རྒེད་འོག་ ཤེར་རི་སྤོང་སྤྱི་འོག་ནང་ ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་ གསར་བསྒྲུབས་འབད་མི་དེ་གིས་ གུང་པ་༢༩ གི་ མི་སེར་སོ་ནམ་པ་ཚུ་ལུ་ ཕན་ཁྱད་འབྱུང་ཚུགས་ནི་ཨིན་པས།
གསར་བསྒྲུབས་འབད་མི་ཁྱིམ་དེ་ ཤེར་རི་སྤོང་ལྷ་ཁང་གི་ ཟུར་ཁར་སྦེ་ བཟོ་སྐྲུན་འབད་ཡོདཔ་ད་ ད་རེས་ནངས་པར་ ཨ་ནེམོ་ཚུ་ གནས་སྐབས་ཅིག་གི་དོན་ལས་ འོག་ཐོག་ལུ་ སྡོད་དོ་ཡོདཔ་ཨིན་པས།
ཤེར་རི་སྤོང་གཡུས་ཚན་དང་ ཡ་རི་ དེ་ལས་ ལྕང་ལྕང་མ་གཡུས་ཚན་གྱི་ མི་སེར་སོ་ནམ་ཚུ་གི་དོན་ལུ་ བཟོ་སྐྲུན་འབད་མི་ ཁྱིམ་དེ་ ཏཱ་ར་ཡ་ན་གཞི་ཚོགས་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་༢ ཀྱིས་ མཉམ་རུབ་ཐོག་ལས་ རྒྱབ་སྐྱོར་འབད་ནུག།
ཏཱ་ར་ཡ་ན་གཞི་ཚོགས་ཀྱི་ ལས་རིམ་འགོ་འདྲེན་འཐབ་མི་ པ་སངས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ སི་ལམ་སྦིས་རྒེད་འོག་དེ་ རྒེད་འོག་༢༠༥ འི་གྲས་ལས་ དབུལ་ཕོངས་ཀྱི་ དཀའ་ངལ་ཆེ་དྲགས་ཡོད་པའི་ གྲངས་སུ་ཚུད་ཡོདཔ་ལས་ དཀའ་ངལ་སེལ་ཐབས་ལུ་ ཏཱ་ར་ཡ་ན་གཞི་ཚོགས་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་༢ ཀྱིས་ མཉམ་རུབ་ཐོག་ལས་ ལས་རིམ་དང་ འཆར་གཞི་ཚུ་ བརྩམས་ཐོག་ལས་ རྒྱབ་སྐྱོར་འབདཝ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་ བཟོ་སྐྲུན་འབད་མི་དེ་ནང་ སོ་ནམ་པ་ཚུ་གིས་ ཁོང་རའི་ཐོན་སྐྱེད་ཚུ་ བཙུགས་བཞག་སྟེ་ ཚོང་འབྲེལ་འཐབ་ནི་ཨིནམ་མ་ཚད་ རྐྱེན་ངན་ཚབས་ཆེན་འཐོན་པའི་སྐབས་ ཉམས་རྒུདཔ་ཚུ་ སྡོད་ནི་དང་ ཅ་ལ་བཞག་ནིའི་དོན་ལུ་ཡང་ཨིན་ཟེར་ཨིན་པས།
ལྷག་པར་དུ་ སྤྱི་འོག་གི་ གྲོས་འཛོམས་ཚུ་ འགོ་འདྲེན་འཐབ་པའི་སྐབས་ འཛཅོམས་འདུ་ཁང་སྦེ་ ལག་ལེན་འཐབ་ནི་ཨིནམ་མ་ཚད་ ཕྱིའི་མགྱོནམ་ཚུ འོང་པའི་སྐབས་ སྡོད་སའི་ཁང་མིག་སྦེ་ཡང་ ལག་ལེན་འཐབ་བཏུབ་ཨིན་ཟེར་ བཤདཔ་ཨིན་པས།
སྤྱི་དོན་ཁང་དེ་ རྒྱ་གར་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་རྐྱབ་ཡོདཔ་ ཨིན་པས།
དེ་བཟུམ་སྦེ་ ཤེར་རི་སྤོང་དང་ ལྕང་ལྕང་མ་ དེ་ལས་ ཡ་རི་གཡུས་ཚན་ནང་ གེ་ཟ་འཐག་མི་ འཕྲུལ་ཆས་༣ རེ་བྱིན་པའི་ཁར་ ཡ་རི་དང་ ཤེར་སྤོང་གཡུས་ཚན་༢ ནང་ ཆུ་འཐག་རེ་རེ་དང་ ལྕང་ལྕང་མ་གཡུས་ཚན་ནང་ ཆུ་འཐག་༢ བྱིན་མི་ཚུ་ མི་སེར་ཚུ་གིས་ ལག་ལེན་འཐབ་པའི་བསྒང་ ཡོད་ཟེར་ཨིན་པས།
ཡ་རི་གཡུས་ཚན་ལས་ ཀུན་བཟང་དབང་ཕྱུག་གིས་ སླབ་མིའི་ནང་ ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ འགོ་འདྲེན་ཐོག་ལས་ མི་སེར་ཉམ་ཆུང་གི་ སྐྱིད་སྡུག་ གཟིགས་གནང་སྟེ་ ཁྱིམ་དང་ འཕྲུལ་ཆས་ དེ་ལས་ རང་འཐག་ཚུ་ རྒྱབ་སྐྱོར་གནང་མི་དེ་ལུ་ བཀྲིན་ཆེ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཧེ་མ་ གཡུས་ཚན་ནང་ ཆུ་འཐག་དང་ ཕྱེ་འཐག་ཚུ་ མེད་པའི་སྐབས་ ཉིནམ་རེ་གི་རྩིས་ གེ་ཟ་འཐག་པར་ ཕར་ཚུར་རྒྱུན་འགྲུལ་འཐབ་དགོ་མི་དེ་ ད་རེས་ སྐར་ཆའི་ལམ་ཁར་ བསྐྱལ་གནང་ཡོདཔ་ལས་ ཁེ་ཕན་བྱུངམ་མ་ཚད་ འོང་འབབ་ཀྱི་དོན་ལུ་ཡང་ ལཱ་ལེ་ཤ་འབད་ཚུགས་ཏེ་ཡོད་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ རང་ལུགས་ཀྱི་ ཁྱིམ་གསརཔ་དེ་གིས་ སྤྱི་འོག་ནང་ ཚོང་འབྲེལ་འཐབ་ས་དང་ གྲོས་འཛོམས་འཚོགས་ས་ དེ་ལས་ དམངས་ཀྱི་རིམ་གྲོ་ལ་སོགས་པ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ བྱ་སྟབས་བདེ་ཏོག་ཏོ་སྦེ་ ལག་ལེན་འཐབ་ཚུགས་པའི་ ཕན་ཁྱད་ལེ་ཤ་བྱུང་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སི་ལམ་སྦིས་ལས་ བཀྲིས་ཕུན་ཚོགས།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *