སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།
དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ གསུང་གྲོས་ཞིབ་པར་གནང་བའི་ཤུལ་ལས་ ཁ་ཙ་ ཆ་འཇོག་འབད་ནི་དེ་གིས་ཨིན་པས།
དཔྱད་ཡིག་ཆ་འཇོག་གི་དོན་ལུ་ ཚོགས་རྒྱན་བཙུགས་པའི་སྐབས་ ཚོགས་འདུའི་ནང་ འཐུས་མི་༤༢ ཡོད་མི་ལས་༤༠ གིས་ ངོས་ལེན་འབད་ཡོད་པའི་ཁར་ འཐུས་མི་༢ ཀྱིས་ འཛེམ་ཡོདཔ་ཨིན་པས།
དཔྱད་ཡིག་ནང་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ རང་སོའི་ གནས་རིམ་དང་འཁྲིལ་ཏེ་ ཁག་མ་འདྲཝ་༣ སྦེ་ ཡོདཔ་ཨིན་པས།
དཔྱད་ཡིག་དང་འཁྲིལ་བ་ཅིན་ བཀོད་ཁྱབ་གནས་རིམ་ཡན་ཆད་འབད་མི་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་དངུལ་ཀྲམ་༥༥,༠༠༠ དང་ ཞི་གཡོག་གནས་རིམ་པི་༡ ལས་ པི་༥ དེ་ལས་ ཨེསི་ཨེསི་༡ ལས་ ཨེསི་ཨེསི་༤ གནས་རིམ་ཚུ་ལུ་ དངུལ་ཀྲམ་༢༧,༠༠༠ དེ་ལས་ ཨེསི་༡ མན་ཆད་འབད་མི་ཚུ་ལུ་ དངུལ་ཀྲམ་༡༥,༠༠༠ འི་ ཐོབ་ལམ་ཡོདཔ་ཨིན་པས།
ཨིན་རུང་ འཐུས་མི་ཚུ་གིས་ སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་མེན་པར་ ག་ར་ འདྲན་འདྲ་བཟོ་དགོཔ་འདུག་ཟེར་ཞུ་ཡི།
གནད་དོན་དེ་ལུ་ གསུང་གྲོས་གནང་པའི་སྐབས་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གི་ཁྲི་འཛིན་ སྒང་ཟུར་-སྨིན་རྗེ་འཐུས་མི་ ཀུན་དགའ་དཔལ་འབྱོར་གྱིས་ ཞུ་མིའི་ནང་ གནད་དེ་ལུ་ གྲོས་བསྟུན་འབད་ཐོག་ལས་ མི་མང་ལས་གཡོག་ག་ར་གིས་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ སྣུམ་འཁོར་ཊཱག་༡ གི་ ཐོབ་ལམ་ཡོདཔ་སྦེ་བཟོ་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ ཁོ་གིས་འབད་བ་ཅིན་ སྤྱི་གཡོགཔ་ཅིག་ལུ་ གནས་སོར་དང་དགོངས་ཞུའི་སྐབས་ལུ་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་སྦེ་ མཐོ་ཚད་དངུལ་ཀྲམ་༤༠,༠༠༠ རེ་ འཐོབ་ཟེར་ཞུ་ཡི།
མཁའ་སྟོད་-ལ་ཡ་གི་འཐུས་མི་ བསྟན་འཛིན་གྱིས་ ཞུ་མིའི་ནང་ མི་མང་ལས་གཡོགཔ་ གནས་རིམ་ག་བཟུམ་ར་ གནས་སོར་དང་ དགོངས་ཞུའི་སྐབས་ ཟད་འགྲོ་དེ་ ཅོག་འཐདཔ་སྦེ་ འགྱོ་འོང་ཟེར་ཨིན་པའི་ཁར་ བཟའ་ཚང་འབད་རུང་ གནས་རིམ་ཆུང་རིམ་ཚུ་ལུ་ ལེ་ཤ་འོངམ་མས་ཟེར་ཨིན་པས།
དེ་འབདཝ་ལས་ མི་མང་ལས་གཡོགཔ་ཚུ་གི་ གནས་རིམ་ཚུ་ དབྱེ་བ་མ་ཕྱེ་པར་ སྐྱེལ་འདྲེན་གྱི་གླ་ཆ་ག་ར་ ཤོ་མཚུངས་སྦེ་ བཟོ་དགོཔ་འདུག་ཟེར་ འཐུས་མི་བསྟན་འཛིན་གྱིས་ཞུ་ཡི།
དེ་བཟུམ་སྦེ་ བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ ཞུ་མིའི་ནང་ མི་ཚུ་ལུ་ རང་དང་བསྟུན་པའི་ ཅ་ཆས་ཚུ་འོང་ནི་ཨིནམ་ལས་ རང་སོའི་ དངུལ་ཕོགས་དང་རིམ་སྒྲིག་སྟེ་ བྱིན་པ་ཅིན་ ག་ར་གིས་ སྐྱེལ་འདྲེན་གླ་ཆ་ཚུ་ ཤོ་མཚུངས་སྦེ་ འཐོབ་ཚུགས་ཟེར་ཨིན་པས།
སོ་ནམས་དང་ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ ཞུ་མིའི་ནང་ སྐྱེལ་འདྲེན་གྱི་གླ་ཆ་ དངུལ་ཀྲམ་༤༠,༠༠༠ གིས་ ག་དེ་སྦེ་ ལང་ཚུགས་ག་ཟེར་ཨིནམ་ད་ དཔེར་ན་ ཐིམ་ཕུག་ལས་ བཀྲིས་སྒང་ལུ་འགྱོ་བ་ཅིན་ དངུལ་ཀྲམ་༤༠,༠༠༠ གིས་ མི་ལང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ སྐྱེལ་འདྲེན་གྱི་གླ་ཆ་དེ་ དངུལ་ཀྲམ་༦༠,༠༠༠ དེ་ཅིག་ལུ་ ཡར་སེང་འབད་བ་ཅིན་ ཞི་གཡོགཔ་ཚུ་ གནས་སོར་གཏང་ནི་ལུ་ཡང་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
ཚོགས་འདུ་གིས་ ངན་ལྷད་བཀག་སོམ་ལྷན་ཚོགས་ཀྱི་ ཞིབ་དཔྱོདཔ་ཚུ་ལུ་ ཁྱད་ལཱ་གི་འཐུས་དེ་ དངུལ་ཕོགས་ཚད་གཞི་དམའ་མཐའ་ལས་ བརྒྱ་ཆ་༤༥ རེ་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱོདཔ་ཚུ་མ་བརྩི་བར་ ལྷན་འཛིན་དང་ ཁྱད་ལཱ་འབད་མི་གཞན་ཚུ་ལུ་ ཁྱད་ལཱ་གི་འཐུས་དེ་ དངུལ་ཕོགས་ཚད་གཞི་དམའ་མཐའ་ལས་ བརྒྱ་ཆ་༢༠ སྤྲོད་དགོཔ་སྦེ་ ཆ་འཇོག་གྲུབ་ཅི།
དཔྱད་ཡིག་ཟིན་བྲིས་ནང་ སྤྱི་གཡོགཔ་ཅིག་ལུ་ ཕྱིའི་རྒྱལ་ཁབ་ནང་ འགྲུལ་སྐྱོད་འབདཝ་ད་ བཟའ་འཐུང་ (ཐེངས་གསུམ་རེ་)དང་ ཉལ་ས་ཡོད་པའི་སྐབས་ ཞོར་ཁར་བྱུང་བའི་འགྲོ་སོང་གི་དོན་ལུ་ ཉིན་འཐུས་བརྒྱ་ཆ་༢༠ ཐོབ་ལམ་མེདཔ་སྦེ་བཟོ་མི་དེ་ ཡོདཔ་སྦེ་བཟོ་ཡོདཔ་བཞིན་དུ་ བློན་ཆེན་དང་ འབྲུག་གི་ཁྲིམས་སྤྱི་བློན་པོ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་དང་འདྲ་མཉམ་གྱི་ གོ་གནས་འཆང་མི་ཚུ་དང་གཅིག་ཁར་ ཕྱག་ཞུ་སྟེ་འགྱོ་མི་ འགོ་དཔོན་ཚུ་ལུ་ སྦྱོར་འཇུག་འབད་དགོཔ་ཨིན་པས།
དཔྱད་ཡིག་དེ་ཡང་ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་འབད་དེ་ རྒྱལ་ཡོངས་ཚོགས་སྡེ་ལུ་ གྲོས་བསྡུར་གྱི་དོན་ལུ་ ཏི་རུའི་དཔྱད་ཡིག་སྦེ་ བཏང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *