འབྱ་ཞིང་ཚུ་ལུ་ གནོདཔ་བཀལ་མི་ རྟ་ནོར་སེམས་ཅན་ཚུ།

སྤྱང་འཁྱམས་སྡོད་མི་ རྟ་ནོར་སེམས་ཅན་ཚུ་གིས་ འབྱ་ཞིང་ཚུ་ལུ་ གནོདཔ་བཀལ་དོ་ཡོདཔ།

༉ སྤ་རོ་གི་ སོ་ནམ་པ་ཚུ་གིས་ ཟླཝ་༡ དེ་ཅིག་གི་ཧེ་མར་ ལཱ་ཁག་ཤོས་ཅིག་ཨིན་མི་ ལྕང་ལཱ་མཇུག་བསྡུ་ཡོད་རུང་ སྤྱང་འཁྱམས་སྡོད་མི་རྟ་ནོར་ཚུ་གིས་ གནོདཔ་བཀལ་དོ་ཡོདཔ་ཨིན་པས།

གྱེབ་ཏེ་སྤྱི་འོག་གིས་ ཉིན་བསྟར་ལཱ་གི་སྐོར་ལས་ གྲོས་བསྡུར་འབད་མི་ ཝི་ཅེཊ་སྡེ་ཚན་ནང་ ད་རེས་ནངས་པར་ རྟ་ནོར་སེམས་ཅན་ཚུ་གི་ པར་གྱིས་གང་དོ་ཡོདཔ་ཨིན་པས།

འཕྲལ་ཁམས་ཅིག་ཁར་ བུ་དར་གྱི་ཆུ་ཞིང་ནང་ སེམས་ཅན་ཚུ་གིས་ ལྕངམ་ཚུ་བསྣད་ཡོད་པའི་ཁར་ ལོ་ཐོག་ཕྱེད་ཀ་ཅིག་ ཟ་ནི་དེ་གིས་ མོ་གི་ལོ་༡ གི་འོང་འབབ་ལུ་ ཐོ་ཕོག་མི་ལུ་བརྟེན་ དབུགས་འགམ་ཏེ་ སྤྱི་འོག་གི་མི་སེར་ཚུ་ལུ་ ཐབས་ཤེས་ཅིག་བསྒྲིག་དགོ་པའི་སྐོར་ལས་ སླབ་ཡོདཔ་ཨིན་པས།

དེ་ལས་ གཡུས་ཁའི་སྤྱི་དཔོན་བཙན་སྐྱོགས་ཀྱིས་ གནོདཔ་བཀལ་མི་ ཞིང་གི་ཇོ་བདག་ཚུ་དང་གཅིག་ཁར་ རྟ་ཚུ་བཟུང་ཞིནམ་ལས་ རྒེད་འོག་ལུ་ སྙན་ཞུ་འབད་ཡོདཔ་ད་ བཙན་ཏོ་ལས་ཨིན་མི་ རྟའི་ཇོ་བདག་ཚུ་ལུ་ ཐོག་རིན་སྤྲོད་ཞིནམ་ལས་ རྟ་ལེན་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

བཙན་སྐྱོགས་ཀྱིས་ སླབ་མིའི་ནང་ རྟ་ནོར་ཚུ་གིས་ ཁྱིམ་གུང་པ་༢༠ ལྷགཔ་ཅིག་གི་ འབྱ་ཞིང་ཚུ་ མེདཔ་བཏང་ཡོདཔ་ད་ སེམས་ཅན་གྱི་ ཇོ་བདག་འཚོལ་འཐོབ་ནི་ཡང་ ལ་ལོ་ཅིག་གིས་ ཐོག་རིན་སྤྲོད་ནི་ལུ་འདྲོག་སྟེ་ སེམས་ཅན་ངོས་འཛིན་འབད་མ་བཏུབ་ནི་དེ་གིས་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།

སོ་ནམ་པ་སྡེ་ཚན་ཅིག་གིས་ སྣུམ་འཁོར་ཊཱག་ཅིག་ མཁོ་མངགས་འབད་དེ་ རྟ་༣ ལྕེ་ལི་ལ་ལུ་ བསྐྱལ་ཡོདཔ་ད་ བཙན་སྐྱོགས་ཀྱིས་ སླབ་མིའི་ནང་ ལ་ལོ་ཅིག་ ཇོ་བདག་ལུ་རྩིས་སྤྲོད་འབད་ཡོད་རུང་ ལོག་འོངམ་མས་ཟེར་ཨིནམ་ད་ གནོད་པ་སྦོམ་བཀལ་མི་ལུ་ རྒུད་འཐུས་དངུལ་ཀྲམ་༣༠༠༠ རེ་ སྤྲོད་བཅུག་ཡོད་རུང་ གཞན་མི་ཚུ་ ཉེན་བརྡ་བྱིན་ཡི་ཟེར་ཨིན་པས།

སྤ་རོ་ལུ་ འཁྱམས་སྡོད་མི་སེམས་ཅན་ཚུ་ ཞིང་ནང་འཐོན་ནི་དེ་ འགོ་དང་པ་མེནམ་ད་ སོ་ནམ་པ་ཚུ་གིས་ ཐོན་སྐྱེད་མེད་མི་གླང་དང་བ་གཞོནམ་ཚུ་ ག་ལྷོད་བཏང་བཞག་མི་ལུ་བརྟེན་ ལྕགས་སྐུད་རཝ་མེད་མི་ ཞིང་ཚུ་ མེདཔ་བཏང་དོ་ཡོདཔ་ཨིན་པས།

ཆུ་ཞིང་གི་ ཇོ་བདག་གཞན་ རྒྱལ་པོ་གིས་ སླབ་མིའི་ནང་ མི་ཚུ་གིས་ སྒོ་ནོར་སེམས་ཅན་ཚུ་ ག་ལྷོད་བཏང་སྟེ་ གཞན་གྱི་ཞིང་ལུ་ གནོད་པ་བཀལ་བཅུག་མི་དེ་ ཁེ་རྒུད་མི་བཏུབ་པས་ཟེར་ཨིནམ་ད་ བདག་འཛིན་མ་འཐབ་མི་ ཇོ་བདག་ཚུ་ལུ་ ཉེས་ཆད་བཀལ་དགོཔ་འདུག་ཟེར་ཨིན་པས།

བཙན་སྐྱོགས་ཀྱིས་ སླབ་མིའི་ནང་ དང་ཕུ་འབད་བ་ཅིན་ གཡུས་ཁར་ཞིང་བལྟ་མི་ ཐོག་སྲུངཔ་སྡོད་ནི་དེ་གིས་ སྟབས་བདེ་ཏོག་ཏོ་ཡོད་རུང་ ད་རེས་ དེ་བཟུམ་གྱི་སྲོལ་མེད་ནི་དེ་གིས་ ཞིང་བལྟ་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།

ཨིན་རུང་ ནད་ཡམས་ལུ་བརྟེན་ ལྟ་བཤལ་གྱི་ལས་སྣ་ཚུ་མེད་ནི་དེ་གིས་ འཚོ་བ་རྟ་ལུ་བརྟེན་སྡོད་མི་ བཙན་ཏོ་གི་མི་ཚུ་ རྟ་འཛིན་སྐྱོང་འཐབ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།

རྟ་ཁག་འབག་མཐུན་ཚོགས་ཀྱི་ཁྲི་འཛིན་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ད་རེས་ ལྟ་བཤལཔ་མེད་ནི་དེ་གིས་ དངུལ་གྱི་འོང་འབབ་ འབྱུང་ཁུངས་གཙོ་བོ་ཅིག་ཨིན་མི་ རྟ་འཛིན་སྐྱོང་འཐབ་ནི་དེ་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྟ་ལཱ་འབད་མི་ཚུ་ འཚོ་བ་སྐྱོང་ནིའི་དོན་ལུ་ ལཱ་གཞན་འབད་དགོ་ནི་དེ་གིས་ རྟ་གསོ་ནི་དེ་ གདོང་ལེན་སྦོམ་བྱུངམ་མས་ཟེར་ཨིནམ་ད་ ལཱ་མེད་རུང་ གསོ་དགོཔ་ད་ལུ་ ཟད་འགྲོ་མ་ལང་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།

ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ རྟའི་ཇོ་བདག་ཚུ་གིས་ གནོད་པ་ཆེ་ཆུང་དང་བསྟུན་ ཐོག་རིན་དངུལ་ཀྲམ་༢༠༠༠ དང་༡༠,༠༠༠ གི་བར་ན་ སྤྲོད་ཡོདཔ་ད་ མཐུན་ཚོགས་ཀྱི་ ཐོ་བཀོད་དང་འཁྲིལཝ་ད་ ད་ཚུན་ ཐོག་རིན་བསྡོམས་ དངུལ་ཀྲམ་༡༠༠,༠༠༠ ལྷགཔ་ཅིག་ སྤྲོད་ནུག་ཟེར་ཨིན་པས། 

ད་རེས་ནངས་པར་ རྟ་ལཱ་འབད་མི་ མང་ཤོས་ཅིག་ འབྲུག་རྒྱལ་པོ་གི་ རྒུད་གསོའི་སྐྱིད་སྡུད་ཐོབ་མི་ཚུ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *