རང་དབང་ཅན་གྱི་ རྩ་ཕན་༣ པ་གིས་ སྤུ་ན་གཙང་ཆུ་ལས་འགུལ་༡ པའི་ ཆུ་རྫིང་ལུ་ བསྐྱར་ཞིབ་འབད་མི་དེ་ མཇུག་བསྡུ་ཡོདཔ་བཞིན་དུ་ ད་ལས་ཕར་ ག་ཅི་འབད་ནི་ཨིན་ན་ གཏན་འཁེལ་བཟོ་ནིའི་དོན་ལུ་ དབང་འཛིན་གྱི་ ཞལ་འཛོམས་ཅིག་ འཚོགས་ནི་ཨིན་པས།

སྤུ་ན་གཙང་ཆུ་ལས་འགུལ་༡ པའི་ ཆུ་རྫིང་གི་ཚབ་ལུ་ ཆུ་སྒོར་རྩིགཔ་རྐྱབ་ནི་བཟུམ་ཡོདཔ།

༉ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ པའི་ ཆུ་རྫིང་ངམ་ ཆུ་བཀག་ར་དེ་ ད་ལྟོའི་ས་ཁོངས་ནང་ རྐྱབ་ནི་དང་ ཡང་ཅིན་ ཆུ་རྫིང་གི་ཚབ་ལུ་ ཆུ་སྒོར་རྩིགཔ་རྐྱབ་ནི་གི་ འོས་འབབ་གཏན་འཁེལ་བཟོ་ནིའི་དོན་ལུ་ བདུན་ཕྲག་༢ ཀྱི་ ནང་འཁོད་ལུ་ དབང་འཛིན་གྱི་ ཞལ་འཛོམས་ཅིག་ འཚོགས་ནི་ཨིན་པས།

ཨིན་རུང་ གནས་ཚུལ་བཤད་མི་ཚུ་གིས་ ད་ལྟོའི་ཆུ་བཀག་རའི་ གཡས་ཁ་ཐུག་ལུ་ ཡོད་མི་དེ་ནང་ ཉེན་ཁ་ཆེ་དྲགས་དང་ ས་ཆ་བརྟན་ཏོག་ཏོ་མེད་མི་ལུ་བརྟེན་ ཆུ་རྫིང་གི་ཚབ་ལུ་ ཆུ་བྱག་གམ་ ཆུ་སྒོར་རྩིགཔ་རྐྱབ་ནི་བཟུམ་ཡོད་པའི་ ལས་འཆར་འདུག་ཟེར་ཨིན་པས།

འབྲུག་སླར་cབྱུང་གློག་མེད་ལས་འཛིན་གྱིས་ ཧེ་མ་ མི་ཊར་༨༢༥ དེ་ཅིག་ གཙང་ཆུའི་སྟོད་ཁ་ཐུག་ལུ་ ཆུ་བྱག་གི་ས་ཁོངས་བརྟག་ཞིབ་འབད་ཡོདཔ་ད་ ཆུ་བྱག་རྐྱབ་པའི་སྐབས་ གློག་མེ་ནུས་ཤུགས་ མེ་ག་ཝཱཊ་༡,༢༠༠ ཡོད་མི་ལས་ མར་འབབ་འགྱོ་ནི་ཨིན་པས།

འཕྲལ་གྱི་གནས་སྟངས་དང་འཁྲིལཝ་ད་ ན་ཧིང་ སྤྱི་ཟླ་༧ པའི་ནང་ རང་དབང་ཅན་གྱི་ རྩ་ཕན་༣ པ་གིས་ བསྐྱར་ཞིབ་འབད་མི་དེ་ མཇུག་བསྡུ་ཡོདཔ་ད་ འབྲུག་སླར་འབྱུང་གློག་མེད་ལས་འཛིན་གྱི་ བཀོད་རྒྱ་དང་འཁྲིལ་ཏེ་ ཡུ་རོ་པི་ཡཱན་ལས་སྡེ་༣ གྱིས་ ཆུ་རྫིང་གི་ ཉེན་ཁ་དང་ འོས་འབབ་ཚུ་ བརྟག་ཞིབ་འབད་མི་དེ་ སྤྱི་ལོ་༢༠༢༠ ལུ་ མཇུག་བསྡུ་ནུག།

ཀུན་གསལ་གྱིས་ རྩ་ཕམ་༣ པའི་ཞིབ་རྟོག་དང་ སྙན་ཞུ་ཚུ་ བསྟན་རྒྱས་ལྷན་ཁག་ལུ་ ཕུལ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི།

དབང་འཛིན་གྱི་ ཞལ་འཛོམས་འཚོགས་ནིའི་དོན་ལུ་ དུས་ཚོད་དང་ ཚེས་གྲངས་ཚུ་ གཏན་འཁེལ་བཟོ་ནི་ཨིནམ་ད་ ཞལ་འཛོམས་དེ་ཡང་ བསྟན་རྒྱས་བློན་པོ་གིས་ ཁྲི་འཛིན་ཐོག་ལུ་ རྒྱ་གར་དང་ འབྲུག་གཞུང་གི་འཐུས་མི་ དེ་ལས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ནི་ཨིན་པས།

ཞལ་འཛོམས་ནང་ ལས་འགུལ་གྱི་ མདུན་སྐྱོད་ཚུ་ དྭངས་གསལ་བཟོ་ནི་ཨིནམ་ད་ ད་རེས་ ཆུ་རྫིང་གི་ གནད་དོན་ལུ་བརྟེན་ ཆུ་བཀག་ར་རྐྱབ་ནིའི་ལཱ་ཚུ་ མ་འབད་བར་ བཀག་ཆ་འབད་དེ་ཡོདཔ་ཨིན་པས།

གཙང་ཆུའི་གཡས་ཁ་ཐུག་ལུ་ཡོད་མི་ ཆུ་བཀག་རའི་ ས་ཁོངས་ནང་ འགོ་དང་པ་ར་ སྤྱི་ལོ་༢༠༡༣ ཟླ་༧ པའི་ནང་ ས་ཆད་པའི་ཤུལ་ལས་ སྤྱི་ལོ་༢༠༡༦ ཟླ་༨ པ་དང་ སྤྱི་ལོ་༢༠༡༩ ཟླ་༡ པའི་ནང་ཡང་ ས་ཆད་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༣ ལུ་ ཆུ་རྫིང་གི་ ས་རུད་ཆད་པའི་ཤུལ་ལས་ ལས་འགུལ་གྱི་ གྲོས་སྟོན་པ་ ཆུའི་ལྷན་ཚོགས་ལྟེ་བ་གིས་ བརྟག་ཞིབ་སྙན་ཞུ་ ཆ་ཚང་ཕུལ་ཡོདཔ་ད་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ པའི་ ཆུའི་ལྷན་ཚོགས་ལྟེ་བའི་ གྲོས་སྟོན་པ་གིས་ སྤྱི་ལོ་༢༠༡༩ ཟླ་༡༠ པའི་ནང་ ཡུན་བརྟན་ཐབས་ལམ་དང་ སྤྱི་ཟླ་༡༢ པའི་ནང་ གཞི་བཀོད་ཀྱི་ སྙན་ཞུ་ཚུ་ བྱིན་ཡོདཔ་ཨིན་པས།

སྙན་ཞུ་བསྐྱར་ཞིབ་འབད་མི་ རྒྱལ་ཡོངས་གློག་མེ་ལས་འཛིན་ལུ་ སྙན་ཞུ་དང་ གཞི་བཀོད་ལུ་ བསམ་འཆར་མ་འདྲཝ་ཡོདཔ་ད་ ལས་འཛིན་གྱིས་ གཞི་བཀོད་ནང་ སྐྱོན་ཡོདཔ་ལས་ ཉེན་སྲུང་ཅན་ཅིག་ མིན་འདུག་ཟེར་ བཀོད་ཡོདཔ་ཨིན་པས།

བསམ་འཆར་མ་འདྲཝ་ཡོདཔ་ལས་ ཆུ་རྫིང་ངམ་ ཆུ་བཀག་རའི་ལཱ་དེ་ མཚམས་འཇོག་འབད་ཡོདཔ་ད་ རྩ་ཕན་༢ མོས་མཐུན་བྱུང་དགོཔ་སྦེ་ སླབ་ཡོད་རུང་ སྤྱི་ལོ་༢༠༢༠ ལུ་ ཐབས་རིག་མཉམ་འབྲེལ་ཚོགས་ཆུང་གི་ ཞལ་འཛོམས་ཐེངས་༢༨ པའི་ནང་ གནད་དོན་དེ་གི་སྐོར་ལས་ གྲོས་ཆོད་མེདཔ་ཨིན་པས།

དེ་གིས་ཤུལ་ལས་ གཞུང་གིས་ རང་དབང་ཐོག་ལས་ བསྐྱར་ཞིབ་འབད་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *