གཙང་ཆུའི་མཐའམ་གིས་ འཕྱགས་བདའ་མི་ སྒེར་གྱི་ས་ཆ།

སྤུ་ན་གཙང་ཆུ་བྲེས་མི་གིས་ ལྷ་མོ་རྫིང་ཁའི་སྒེར་ས་ཚུ་ལུ་ གནོད་སྐྱོན་རྐྱབ་དོ་ཡོདཔ།

༉ ལྷ་མོ་རྫིང་ཁ་ ཀུན་འབྲེལ་ཐང་གི་ ཉེ་འདབས་ལུ་ཡོད་མི་ སྒེར་གྱི་ས་ཆ་ཚུ་ སྤུ་ན་གཙང་ཆུ་བྲེས་ཏེ་ ཆུ་རུད་ཀྱིས་ འཕྱགས་བདའ་མི་ལུ་བརྟེན་ ས་ཁོངས་ནང་སྡོད་མི་ཚུ་ ཚ་གྱང་ལང་སྟེ་སྡོད་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཙང་ཆུ་སྦྲེས་མི་ལུ་བརྟེན་ ས་ཁོངས་ཀྱི་ས་ཆ་ཚུ་ འཕྱགས་བདའ་དོ་ཡོདཔ་ལས་ ཐབས་ཤེས་བཏོན་དགོཔ་འདུག་ཟེར་ཨིན་པས།
འདས་པའི་ལོ་ངོ་བཅུ་ཕྲག་ལས་འགོ་བཙུགས་ ལྷ་མོ་རྫིང་ཁའི་ས་གནས་དེ་ ཆུ་རུད་ཀྱི་ཉེན་ཁ་ཡོད་པའི་ ས་ཁོངས་ལུ་གྱུར་ཡོདཔ་ད་ འདས་པའི་ལོ་༥ འི་ནང་འཁོད་ ཇུ་མ་ནི་དང་ ཧ་བ་ཇོ་རའི་ས་ཁོངས་ཀྱི་ སྒེར་ས་ཚུ་ འཕྱགས་བདའ་ཡོདཔ་ཨིན་པས།
གཡུས་ཚན་དེ་གཉིས་ནང་ གཙང་ཆུའི་མཐའམ་བདའ་སྟེ་ ཆུ་བྱག་རྐྱབ་སྟེ་ ཉེན་སྲུང་འབད་ཚུགས་རུང་ དུས་ཅི་གནམ་བྱཱར་གྱི་ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ ཆུ་བྱག་ཚུ་ གནོད་སྐྱོན་རྐྱབ་ཡོདཔ་ལས་ ས་ཁོངས་ནང་སྡོད་མི་ཚུ་གིས་ འབད་བ་ཅིན་ གཙང་ཆུ་དེ་གིས་ ཁོང་གི་ས་ཞིང་ཚུ་ འཕྱགས་བདའ་ནི་བཟུམ་འདུག་ཟེར་ཨིན་པས།
སོ་ནམ་པ་ བློ་བཟང་སྒྲོལ་མ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཙང་ཆུའི་ཉེན་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོཝ་མས་ཟེར་ཨིནམ་ད་ ཆུ་བྱག་རྐྱབ་མི་དེ་གིས་ཡང་ མ་འོངས་པའི་ནང་ ཕན་ཐོགས་འབྱུང་མི་ཚུགས་ནི་མས་ཟེར་ཨིན་པས།
ས་གནས་ནང་ གཙང་ཆུའི་ཉེན་ཁ་ཡོད་མི་ལུ་བརྟེན་ ཀུན་འབྲེལ་ཐང་གི་ མི་སེར་མང་ཤོས་ཅིག་གིས་ གཙང་ཆུའི་ཉེན་སྲུང་དོན་ལུ་ རྡོག་མ་ཤིང་ བཙུགས་དོ་ཡོད་པའི་ཁར་ གཡུས་མི་ཚུ་གིས་ འབད་བ་ཅིན་ འབྱ་ཞིང་ཚུ་ནང་ ལྕང་ལཱ་རྐྱབ་པ་ཅིན་ ཆུ་རུད་ཆད་ནི་ལུ་ ལྷན་ཐབས་འབད་ནི་མས་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ སྐྱེས་ལོ་༥༡ ལང་མི་ ཕུར་པ་ལྷ་མོ་གིས་ བཤད་མིའི་ནང་ གཙང་ཆུ་དེ་གིས་ མོ་གི་ས་ཆ་འཕྱགས་བདའ་ཡོདཔ་ལས་ རྡོག་མ་ཤིང་༢༥ དེ་ཅིག་ བཙུགས་བཞག་ཅི་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ འགོ་དཔོན་ཚུ་འོང་སྟེ་ ས་ཆ་ཚུ་འཇལ་ཡོད་རུང་ གཙང་ཆུ་གིས་ གནོད་སྐྱོན་རྐྱབ་ནི་ལས་ བཀག་ཐབས་འབད་དགོཔ་འདུག་ཟེར་ཨིན་པས།
དཀའ་ངལ་དེ་གི་སྐོར་ལས་ ལྷ་མོ་རྫིང་ཁ་ རྒེད་འོག་ཡིག་ཚང་ལུ་ སྙན་ཞུ་འབད་ཡོདཔ་ད་ ཀུན་འབྲེལ་ཐང་གི་ཚོགས་པ་ བ་རུན་ མཱཇ་ཧི་གིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ ད་ལྟོའི་དཀའ་ངལ་ཐོན་དོ་བཟུམ་སྦེ་ འདས་པའི་ལོ་ངོ་གསུམ་གྱི་ ཧེ་མར་ཡང་ ཅོག་འཐདཔ་སྦེ་ ཐོན་ཡི་ཟེར་ཨིན་པས།
ཚོགས་པ་གིས་འབད་བ་ཅིན་ གལ་སྲིད་ ཆུ་བྱག་ལ་སོགས་པའི་ ཐབས་ལམ་མ་བཏོན་པ་ཅིན་ སང་ཕོད་གནམ་བྱཱར་གྱི་སྐབས་ གནོད་པ་སྦོམ་ར་རྐྱབ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཆུ་བྱག་རྙིངམ་ཚུ་སྒྲིང་སྒྲིང་མེད་མི་ལུ་བརྟེན་ གཙང་ཆུ་བྲེས་པའི་བསྒང་ལས་ ཆུ་བྱག་ཚུ་འཕྱགས་བདའ་སྟེ་ ས་གནས་ནང་ ཉེན་འཚུབས་སྦོམ་ར་ བྱུངམ་མས་ཟེར་ཨིན་པས།
ཀུན་འབྲེལ་ཐང་ཚོགས་པ་གིས་ འབད་བ་ཅིན་ སྤུ་ན་གཙང་ཆིའ་མཐའམ་བདའ་སྟེ་ ཉེན་ཁ་ཅན་གྱི་ ས་ཁོངས་ཚུ་ནང་ལས་ཕར་ ཆུ་བྱག་རྐྱབ་ནིའི་དོན་ལུ་ མ་དངུལ་ཡོད་པའི་ ལོ་རྒྱུས་གོ་ཡི་ཟེར་ཨིནམ་ད་ རའི་དག་གཙང་ཆུ་བྲེས་མི་གིས་ཡང་ ལམ་ཅེ་གཡུས་ཚན་ག་ར་ འཕྱགས་བདའ་ཡོདཔ་ཨིན་པས།
ལོ་ངོ་༡༥ དེ་ཅིག་གི་ཧེ་མར་ གཙང་ཆུ་བཀག་ཐབས་ལུ་ ཆུ་བྱག་སྦོམ་ཅིག་རྐྱབ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *