༉ སྤུ་ན་གཙང་ཆུ་ལས་འགུལ་དང་པའི་ནང་ ཆུ་རྫིང་རྐྱངམ་གཅིག་མ་གཏོགས་ ལཱ་གཞན་ཚུ་ འཆར་གཞི་དང་འཁྲིལ་ཏེ་ར་ འགྱོ་དོ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ལས་འགུལ་གྱི་ ས་འོག་ལཱ་འབད་དགོཔ་ཚུ་ ཧ་ལམ་མཇུག་བསྡུ་ཡོདཔ་ད་ དེ་ཡང་ ཆུ་ཁ་བསྒྱུར་གཏང་ནི་གི་ ས་འོག་ཆུ་ལམ་ ཌའི་བར་ཤཱན་ཊ་ནཱལ་དང་ ཆུ་ནང་འཐེན་ལམ་ ཨིན་ཊཱེག་ཊ་ནཱལ་ ཨེཆི་ཨར་ཊི་ དེ་ལས་ ཌི་སིལ་ཊིང་ཅེམ་བྱར་ཚུ་ཨིན་པས།
དེ་བཟུམ་སྦེ་ ས་ཐོག་གི་ ལཱ་ཚུ་ཡང་ གནས་སྐབས་ཀྱི་ ཆུ་མཛོད་ཁང་ ཀོ་ཕར་ཌཱེམ་༢ ཡང་ རྐྱབ་ཚར་ཡོདཔ་ད་ ཨིན་ཊེག་གི་ བཟོ་བཀོད་ཚུ་ཡང་ ཧ་ལམ་ བརྒྱ་ཆ་༧༠ མཇུག་བསྡུ་སྟེ་ཡོདཔ་ལས་ སང་ཕོད་སྤྱི་ཟླ་༡༢ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
དེ་ལས་ གློག་མེ་འཕྲུལ་ཁང་གི་ ས་ཁོངས་ནང་འབད་བ་ཅིན་ ད་རེས་ གློག་ཤུགས་མེ་ག་ཝཱཊི་༡,༢༠༠ ཐོན་སྐྱེད་འབད་ནི་ཨིན་མི་ འཕྲུལ་ཁང་༦ གཞི་བཙུགས་འབད་ནི་ཨིནམ་ལས་ དེ་ཚུ་གི་དོན་ལུ་ བཟོ་བཀོད་ཀྱི་ལཱ་ཚུ་ འབད་བཞིན་དུ་འདུག།
ད་ལྟོ་ཚུན་ གློག་ཆས་ཀྱི་རིགས་ཡང་ བརྒྱ་ཆ་༩༠ དེ་ཅིག་ ས་ཁོངས་ནང་ ལྷོད་ཚར་ཡོདཔ་ད་ དེ་ཚུ་ཡང་ ཆ་ཤས་སྦེ་ ཁ་འཕྱལ་ཏེ་ འབག་འོང་ཡོདཔ་བཞིན་དུ་ ས་ཁོངས་ནང་ ལྷོད་པའི་ཤུལ་ལུ་བསྒྲིགས་ཏེ་ བཟོ་ཡོདཔ་ཨིན་པས།
འཕྲུལ་ཆས་ཚུ་ ད་ལྟོ་ གློག་མེ་འཕྲུལ་ཁང་གི་ ས་ཁོངས་དེ་ནང་ ཕྱི་ཁ་ལས་ ཆུ་ཤོག་དང་ ཤོག་སྒམ་ཚུ་གིས་སྤུར་ཏེ་ སོ་སོར་སྦཻ བརྩེགས་བཞག་ནུག།
བཟོ་རིག་འགོ་དཔོན་གཙོ་འཛིན་ ཨ་རུན་ གོ་ཡཱལ་གྱིས་ སླབ་མིའི་ནང་ ད་ལྟོ་ ཞི་བའི་ལཱ་དང་ གློག་མེ་དང་འབྲེལ་བའི་ལཱ་ཚུ་ འཆར་གཞི་དང་འཁྲིལ་ཏེ་ འགྱོ་དོ་ཟེར་ཨིནམ་ད་ གློག་མེ་རྒྱུན་སྤེལ་འཕྲུལ་ཆས་ ཊཱནསི་ཕོར་མར་གྱི་ ཁང་མིག་དེ་ནང་ཡང་ དོང་བརྐོ་ནིའི་ལཱ་ཚུ་ མཇུག་བསྡུ་ཡི་ཟེར་ཨིན་པས།
ཆུ་རྫིང་རྐྱབ་ནིའི་དོན་ལུ་ ད་ལྟོ་ དམ་སྒྲིང་བཟོ་ནིའི་ ཐབས་ལམ་ཚུ་ བཏོན་པའི་བསྒང་ར་ ཡོདཔ་བཞིན་དུ་ ཆར་ཆུའི་དུས་ཚོད་ མཇུག་བསྡུཝ་ཅིག་ ས་བརྐོ་ནིའི་ལཱ་ འགོ་བཙུགས་ནི་ཨིན་པས།
སྤུ་ན་གཙང་ཆུ་ ལས་འགུལ་དང་པ་དེ་ སྤྱི་ལོ་༢༠༡༥ ཟླ་༡༡ པའི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ ཆུ་རྫིང་རྐྱབ་སའི་ ས་ཁོངས་ནང་ རི་ཐིམ་འོང་པའི་ དཀའ་ངལ་ལུ་བརྟེན་ ཕྱིས་ཏེ་ལུས་ཡོདཔ་ཨིན་པས།
ལས་འགུལ་དེ་ སྤྱི་ལོ་༢༠༢༡ ཟླ་༡༢ པའི་ནང་ མཇུག་བསྡུ་ནི་ལུ་ དམིགས་གཏད་འབད་དོ་ ཡོདཔ་ཨིན་པས།
ལས་འགུལ་དེ་ སྤྱི་ལོ་༢༠༠༨ ལུ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༣༥.༡༤༨ ཀྱི་ཐོག་ལས་ འགོ་བཙུགས་ཡོདཔ་ཨིན་རུང་ ད་རེས་ ཟད་འགྲོ་དེ་ དངུལ་ཀྲམ་ཐེར་འབུམ་༩༣.༧༥ ལུ་ ཡར་སེང་སོང་སྟེ་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༢ ཀྱི་ གོང་ཚད་ཐོག་ལུ་ གཞི་བཞག་སྟེ་ཨིནམ་ལས་ སྐྱ་རྣམ་གྱི་ གོང་ཚད་ཡར་སེང་ དེ་ནང་མ་ཚུདཔ་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།