སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ མཇུག་བསྡུ་ནི་ལུ་ ལོ་༦ དེ་ཅིག་ ཡུན་འགྱངས་ལུས་ནི།

༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ ཆུ་རྫིང་དེ་ ལེགས་ཤོམ་སྦེ་ བརྟག་ཞིབ་མ་འབད་བར་ ཆུ་རྫིང་ས་ཁོངས་གསརཔ་ནང་ སྤོ་སོར་འབད་ནུག་ཟེར་ཨིན་པས།
དེ་ཡང་ ལྡོག་ཕྱོགས་ཚོགས་པ་གིས་ གློག་མེ་ལས་འགུལ་ ཡུན་འགྱངས་ལུས་ཡོད་མི་དེ་ གཞུང་གི་འགན་ཁུར་ཨིན་ཟེར་ གནས་ཚུལ་གསར་བཏོན་འབད་མིའི་ལན་ལུ་ བློན་ཆེན་གྱིས་ བཤདཔ་ཨིན་པས།
བློན་ཆེན་གྱིས་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ འདས་པའི་གཞུང་གིས་ ཆུ་རྫིང་གཞན་ཁར་ སྤོ་སོར་འབད་ནི་ གྲོས་ཐག་བཅད་མི་དེ་གིས་ གཞུང་གིས་ ཁས་བླངས་འབད་མི་ལྟར་དུ་ ནང་འཁོད་འོང་འབབ་ བརྒྱ་ཆ་༡༠ གྲུབ་མ་ཚུགས་ཟེར་ ཞུ་བའི་ཤུལ་ལས་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ ལྡོག་ཕྱོགས་ཚོགས་པ་གིས་ གནས་ཚུལ་གསར་བཏོན་ཅིག་འབད་ནུག།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ མི་སྡེ་བརྡ་བརྒྱུད་ ཕེགསི་བུག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༠༨-༡༣ ལུ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་དེ་ སྤུ་ན་གཙང་ཆུ་གློག་མེ་དབང་འཛིན་གྱི་ ཁྲི་འཛིན་སྦེ་ སྡོད་པའི་སྐབས་ ལས་འགུལ་གྱི་ ཆུ་རྫིང་ས་ཁོངས་གསརཔ་ནང་ བཟོ་སྐྲུན་འབད་ནིའི་དོན་ལས་ ལྷན་རྒྱས་གཞུང་ཚོགས་ལུ་ གྲོས་འཆར་བཙུགས་ནུག་ཟེར་ཨིན་པས།
དེ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ སྤྱི་ལོ་༢༠༡༨ ཟླ་༦ པའི་ནང་ གྲོས་འཆར་དེ་ ཆ་འཇོག་གྲུབ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༣ ཟླ་༧ པའི་ནང་ འཕྲུལ་ཁང་གི་ ཆུ་རྫིང་གཡས་ཕྱོགས་ལས་ ཆད་སོ་ཡི་ཟེར་ བློན་ཆེན་གྱིས་ བཤདཔ་ཨིན་པས།
ཆུ་རྫིང་ཆད་འོང་མི་དེ་ ཉེན་ཅན་སྦོམ་ཅིག་ ཨིན་པའི་ཁར་ དེ་གིས་ བྱག་གུ་ལུ་ གག་འགྲམ་ཕོག་ཡོདཔ་མ་ཚད་ ཆུ་རྫིང་བཟོ་སྐྲུན་ནང་ཡང་ ལྷོད་ཡོདཔ་བཞིན་དུ་ འབྲུག་ཕུན་སུམ་ཚོགས་པ་གིས་ ས་རུད་ཨིནམ་སྦེ་ ངོས་ལེན་འབདཝ་མས་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ཆུ་རྫིང་ཆད་འོང་མི་དེ་ཡང་ ཧེ་མ་ ཆུ་རྫིང་གསརཔ་ བཟོ་སྐྲུན་འབད་བའི་ ས་ཁོངས་ནང་ བརྟག་ཞིབ་དང་ ཞིབ་དཔྱད་མ་འབད་མི་ལུ་བརྟེན་ གག་འགྲམ་ཕོག་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་མ་ཚད་ མཉམ་འབྲེལ་ཞིབ་དཔྱད་ཅིག་འབདཝ་ད་ ཆུ་རྫིང་ས་ཁོངས་ནང་ སྤོ་བཤུད་འབད་བའི་སྐབས་ བརྟག་ཞིབ་ལེགས་ཤོམ་ཅིག་ མ་འབད་བར་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།
ལས་འགུལ་དེ་གིས་ ཆུ་རྫིང་གི་ ས་གོ་དང་ གཙང་ཆུ་གཡས་ཕྱོགས་བདའ་སྟེ་ ས་ཁོངས་ཚུ་ རྩ་བརྟན་བཟོ་བའི་སྐབས་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༤ དེ་ཅིག་ བཏང་ཡོདཔ་ལས་ དེ་གིས་ ལས་འགུལ་མཇུག་བསྡུ་ནི་ལུ་ ལོ་༦ དེ་ཅིག་གིས་ ཕྱིས་སོ་ཡི་ཟེར་ བློན་ཆེན་གྱིས་ བཤདཔ་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ལས་འགུལ་དེ་ དུས་ཚོད་ཁར་ སྒྲུབ་མ་ཚུགས་མི་ལུ་བརྟེན་ གློག་མེ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༣༠ འབདཝ་ད་ ལོ་བསྟར་བཞིན་དུ་ འོང་འབབ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༢༢ དེ་ཅིག་ གྱོང་རྒུད་ཕོག་མི་དང་བརྩིསཝ་ད་ ལོ་༦ ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༡༣༢ དེ་ཅིག་ གྱོང་རྒུད་ཕོག་ནི་མས་ཟེར་ཨིན་པས།
ཨིན་རུང་ ལྡོག་ཕྱོགས་ཚོགས་པ་གིས་ གནས་ཚུལ་གསར་བཏོན་ནང་ ཆུ་རྫིང་དེ་ གནད་དོན་ག་ཅི་ལུ་བརྟེན་ ས་གནས་གཞན་ཁར་ རྐྱབ་དགོཔ་ཨིན་ན་ དོན་ཁུངས་༢ དེ་ཅིག་ བཀོད་དེ་འདུག།
དེ་ཡང་ ལས་འགུལ་གྱི་ ཁ་གསལ་སྙན་ཞུ་འབད་མིའི་ནང་ ཆུ་རྫིང་མི་ཊར་༧༠ ཆུའི་གཤམ་ལུ་འོང་དགོཔ་སྦེ་ བཀོད་ཡོད་རུང་ ལས་འགུལ་ས་ཁོངས་ནང་ གཏིང་ཚད་མི་ཊར་༣༥ ལས་མིན་འདུག་ཟེར་བཀོད་ནུག།
དེ་ལས་ ད་ལྟོའི་ས་ཁོངས་ནང་ སྤོ་བཤུད་འབད་མི་དེ་གིས་ ལས་འགུལ་གཉིས་ཀྱི་ ནུས་ཤུགས་དེ་ གློག་ཤུགས་མེ་ག་ཝཱཊ་༡༠༥ ཐེབས་འཐོན་ཚུགས་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ ཁ་གསལ་བརྟག་ཞིབ་དེ་ཡང་ འབྲུག་དང་ རྒྱ་གར་གྱི་ འཕྲུལ་རིག་ལས་སྡེའི་བར་ན་ གྲོས་བསྟུན་འབད་ཐོག་ལས་ འབད་ཡི་ཟེར་ཨིནམ་ད་ ཆུ་རྫིང་ས་ཁོངས་གསརཔ་དེ་ སྤྱི་ལོ་༢༠༠༩ ཟླ་༡ པའི་ནང་ ཝེབ་ཀོསི་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ ཐག་བཅད་ནུག་ཟེར་བཀོད་ནུག།
ཆུ་རྫིང་ཆད་ཡོད་པའི་ཐད་ཁར་ ལྡོག་ཕྱོགས་ཚོགས་པ་གིས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ ཆུ་རྫིང་ས་ཁོངས་ཀྱི་ གཡས་ཕྱོགས་ལུ་ སྤྱི་ལོ་༢༠༡༣ ཟླ་༧ པའི་ནང་ ས་རུད་ཆད་ཡོདཔ་ལས་ གཞུང་ཡང་དུས་ཚོད་དེ་ཅིག་ནང་ བཙག་འཐུ་གྲུབ་ཡོདཔ་ལས་ དཀའ་ངལ་སེལ་ནི་དེ་ཡང་ མི་སེར་དམངས་གཙོ་ཚོགས་པའི་ འགན་ཁུར་ཨིན་ཟེར་ གནས་ཚུར་གསར་བཏོན་ནང་བཀོད་ནུག།
ཚོགས་པ་གིས་ འབྲུག་གི་དོན་ལུ་ གཞུང་གིས་ ལོ་ལྔའི་ནང་འཁོད་ལུ་ དཀའ་ངལ་སེལ་ཐབས་ འབད་མ་ཚུགས་མི་དེ་ འབྲུག་མི་ཚུ་ལུ་ ཁ་རྗེ་མིན་འདུག་ཟེར་ བཀོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *