སྤུ་ན་གཙང་ཆུ་༢ པའི་ ལས་མི་ཅིག་ ཊཱག་གིས་ འཐུ་བཀོག་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༦ ལུ་ སྐྱེས་ལོ་༤༣ ལང་མི་ ཕྱིའི་ལས་མི་ཅིག་ ལཱ་འབད་སའི་ ས་ཁོངས་ནང་ སྣུམ་འཁོར་ཊི་པར་ཅིག་གིས་ འཐུ་བཀོག་དཔ་ལས་ ཤི་རྐྱེན་བྱུང་པའི་ཤུལ་ལས་ ཁོ་གི་ཕུངམ་དེ་ ཁོ་རའི་གཡུས་ རྒྱ་གར་ཇར་ཁཱན་ལུ་ བསྐྱལ་ཡོདཔ་ཨིན་པས།

རྐྱེན་ངན་དེ་ཡང་ དེ་ཚེ་ཕྱི་རུའི་ཆུ་ཚོད་༡༡ དེ་ཅིག་ཁར་ དབང་འདུས་ཕོ་བྲང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ གློག་མེ་འཕྲུལ་ཁང་ནང་ བྱུང་ཡོདཔ་ད་ ཕོ་སྐྱེས་དེ་ ཇའི་པར་ཀཤི་སྨན་སྤྲོད་ཁང་ནང་ འབག་སོང་པའི་ལམ་ཁར་ ཤི་ཡོདཔ་ཨིན་པས།

ཇེ་པི་ལས་འགུལ་གྱི་འཛིན་སྐྱོང་པ་ ཀེ་ཀེ་སུབ་ཀྱིས་ སླབ་མིའི་ནང་ མ་གཞི་ ལམ་ཆུང་ཀུ་འབདཝ་ལས་ སྣུམ་འཁོར་དེ་ འགྲོས་ཀྱིས་སྦེ་ གཏང་ཡོད་རུང་ ཚེ་འདས་དེ་ ལམ་གྱི་ཟུར་ཁར་ ལོང་སྡོད་པའི་བར་ན་ འགྱེལ་ཏ་རྐྱབ་སྟེ་ སྣུམ་འཁོར་གྱི་ འཁོར་ལོ་འོག་ལུ་ ཚུད་སོ་ནུག་ཟེར་ཨིན་པས།

འབྲུག་ལུ་ཡོད་མི་ རྒྱ་གར་གཞུང་ཚབ་ལས་ཁང་གི་ རྒྱབ་སྐྱོར་ཐོག་ལས་ ལས་འགུལ་འཛིན་སྐྱོང་གིས་ འགོ་འདྲེན་འཐབ་སྟེ་ ཚེ་འདས་ཀྱི་ཕུངམོ་དེ་ ཁོ་རའི་བཟའ་ཚང་དང་ སྤུན་ཆ་ཚུ་ལུ་ རྩིས་སྤྲོད་འབད་ནི་ཨིན་པས།

ཕུངམ་དེ་ཡང་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ དབང་འདུས་བ་འཇོ་ལས་ ཇེ་པི་ལས་མི་༢ དང་ ནདཔ་སྐྱེལ་ལེན་སྣུམ་འཁོར་གྱིས་ ཕུན་ཚོགས་གླིང་ལུ་ འབག་སོང་ཡོདཔ་ད་ དེ་གི་ཧེ་མར་ ལས་མི་དང་ ནདཔ་སྐྱེལ་ལེན་སྣུམ་འཁོར་གྱི་ དེད་གཡོགཔ་ཚུ་ ཀོ་བིཌ-༡༩ ཡོད་མེད་ཀྱི་ བརྟག་དཔྱད་འབད་ཡོདཔ་ཨིན་པས།

དེད་གཡོགཔ་དང་ ཚེ་འདས་ཀྱི་ ཕུངམ་དང་གཅིག་ཁར་སོང་མི་ ལས་མི་༢ ཡང་ དབང་འདུས་ལུ་ ལོག་ལྷོདཔ་ད་ ཟུར་བཞག་མཐུན་རྐྱེན་ལྟེ་བའི་ནང་ བཞག་ནི་ཨིན་པས།

ཚེ་འདས་དེ་ ཇེ་པི་ལས་འགུལ་ནང་ སྤྱི་ལོ་༢༠༡༥ ཟླ་༡༡ པ་ལས་ ལཱ་འབད་ཡོདཔ་ད་ ཁོ་ལུ་ ཨམ་སྲུ་དང་ ཨ་ལོ་བུ་༢ དང་ བུམོ་༡ ཡོདཔ་ཨིན་པས།

ལས་འགུལ་འཛིན་སྐྱོང་པ་གིས་ སླབ་མིའི་ནང་ ཚེ་འདས་ལུ་ ཉེན་བཅོལ་གྱི་འཐུས་སྦེ་ རུ་པི་ས་ཡ་༣.༡༢༥ དེ་ཅིག་ བྱིན་འོང་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *