སྤུ་ན་ཁ་ལུ་ ཟུར་བཞག་མཐུན་རྐྱེན་ལྟེ་བ་ནང་ སྡོད་མི་ཚུ་ ཟུར་བཞག་གི་ དུས་ཡུན་ཉིན་གྲངས་༡༤ ཚང་པའི་ཤུལ་ལས་ ཕྱགས་སྙིགས་ཚུ་ སྒོའི་ཕྱི་ཁར་ བཞག་བཅུག་ཡོདཔ་ཨིན་པས།

སྤུ་ན་ཁ་ལུ་ ཟུར་བཞག་ཁང་ཚུ་ནང་ ཕྱགས་སྙིགས་བསྡུ་ལེན་འབད་མི་མེདཔ།

༉ སྤུ་ན་ཁ་རྫོང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ཟུར་བཞག་མཐུན་རྐྱེན་ལྟེ་བ་ཚུ་ནང་ ཟུར་བཞག་མི་ཚུ་གི་ དུས་ཚོད་མ་ཚང་ཚུན་ ཕྱགས་སྙིགས་ཚུ་བསྡུ་སྟེ་ བཀོ་མ་ཆོག་པའི་ གྲོས་ཐག་བཅད་མི་དེ་གིས་ ཟུར་སྡོད་མི་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་པ་འབྱུང་ཉེན་ཡོད་པའི་ ཚ་གྱང་ཡོདཔ་ཨིན་པས།

ཟུར་བཞག་ཁང་ནང་སྡོད་མི་ ཨམ་སྲུ་ཅིག་ སློབ་ཕྲུག་ཨ་ལོ་༢ སློབ་གྲྭ་སྤོ་སོར་གྱི་དོན་ལུ་ སྤྱི་ཟླ་༧ པའི་ཚེས་༡ ལས་ ནད་ཡམས་ཀོ་བིཌ་-༡༩ འི་ཉེན་ཁ་ཆེ་བའི་ས་ཁོངས་ ཕུན་ཚོགས་གླིང་ལས་ ཉེན་ཁ་ཆུང་བའི་ ས་ཁོངས་ནང་འོངམ་ད་ སྤུ་ན་ཁའི་ ཟུར་བཞག་ལྟེ་བའི་ནང་ བཞག་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ འགོ་ཐོག་སྐབས་ ཟུར་བཞག་ཁང་ནང་ བདུན་ཕྲག་༡ ལས་བརྒལ་ སྡོད་མ་དགོ་རུང་ ཤུལ་ལས་ བདུན་ཕྲག་༢ ལུ་ ཡར་སེང་འབད་བའི་མཐའ་མར་ བློན་ཆེན་གྱིས་ ཞག་གྲངས་༢༡ སྡོད་དགོཔ་སྦེ་ གསུངས་ཡི་ཟེར་ཨིན་པས།

དེ་ཡང་ ཕུན་ཚོགས་གླིང་ལས་ དབང་འདུས་ཕོ་བྲང་ལུ་ལྷོད་མི་ མི་༢ ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་སྟེ་ཡོདཔ་ བདའ་ཟུན་པའི་ཤུལ་ལས་ གྲོས་ཐག་བཅད་ཡོདཔ་ད་ སྤུ་ན་ཁའི་ཟུར་བཞག་ཁང་ཚུ་ནང་ སྡོད་མི་ཚུ་ཡང་ ནད་ཡམས་ཐོབ་མི་༢ དང་ འབྲེལ་བ་འཐབ་མི་ཚུ་ཨིན་པས།

ཟུར་བཞག་ཁང་གི་ དུས་ཡུན་ཡར་སེང་འབད་མི་ལུ་བརྟེན་ ཕྱགས་སྙིགས་ཚུ་ དུས་ཡུན་རིངམོ་སྦེ་ ཁང་མིག་ནང་ བཞག་ནི་དེ་ བྱ་སྟབས་མ་བདེ་བའི་སྐོར་ ཉོགས་བཤད་བཀོདཔ་ཨིན་པས།

སྤུ་ན་ཁ་ལུ་ ཟ་ཁང་༣ ཟུར་བཞག་མཐུན་རྐྱེན་སྦེ་ ངོས་འཛིན་འབད་དེ་ཡོདཔ་ད་ ད་རེས་ནངས་པར་ ཟུར་བཞག་ཁང་ཚུ་ནང་ མི་༡༠༥ ཡོདཔ་ཨིན་པས།

ཟུར་བཞག་མཐུན་རྐྱེན་ནང་སྡོད་མི་ ལ་ལོ་ཅིག་གིས་ ཕྱགས་སྙིགས་ཚུ་ ཁང་མིག་ནང་ན་ལས་ ཕྱི་ཁར་བཞག་ནིའི་ དཔའ་བཅམ་རུང་ ཁང་མིག་ནང་ར་བཞག་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

་རྫོང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་ལས་ འཐུས་མི་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ ཟུར་བཞག་ཁང་ནང་ སྡོད་མི་ཚུ་གི་ ཕྱགས་སྙིགས་ཚུ་ འདེགས་བཞག་ནིའི་དོན་ལུ་ ཆུ་ཤོག་བྱིན་ཏེ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཟུར་བཞག་གི་ དུས་ཡུན་མ་ཚང་ཚུན་ ཅ་ཆས་ཚུ་ ཕྱི་ཁར་འབག་མ་ཆོག་པའི་ སྒྲིག་གཞི་དང་འཁྲིལ་ཏེ་ཨིན་ཟེར་ བཤདཔ་ཨིན་པས།

སྤུ་ན་ཁ་ལུ་ ཟུར་བཞག་མཐུན་རྐྱེན་ཚུ་ནང་ ཕམ་དང་གཅིག་ཁར་ ཨ་ལོ་ཚུ་ཡང་ཡོདཔ་ལས་ ཕྱགས་སྙིགས་ཚུ་ ཆུ་ཤོག་ནང་འདེགས་ཏེ་ བསྡམ་བཞག་ནི་དེ་ བྱ་སྟབས་མ་བདེ་བས་ཟེར་ཨིནམ་ད་ ཨམ་སྲུ་ཅིག་གིས་ སླབ་མིའི་ནང་ ཕྱགས་སྙིགས་བཞག་ནིའི་དོན་ལུ་ ཆུ་ཤོག་༡ ལས་བརྒལ་མེདཔ་ལས་ བཞེས་སྒོ་བཟའ་ཚརཝ་ཅིག་ ཆུ་ཤོག་ཁ་བསྡམས་མི་དེ་ ལོག་ཕྱེ་ཞིནམ་ལས་ ནང་ན་བཙུགས་དགོཔ་ད་ དཀའ་ངལ་འདུག་ཟེར་ཨིན་པས།

མ་གཞི་ སྒྲིག་གཞི་དང་འཁྲིལ་བ་ཅིན་ འཕྲལ་འཕྲལ་ར་ ཟུར་བཞག་ཁང་ནང་གི་ ཕྱགས་སྙིགས་ཚུ་ བསྡུ་ལེན་འབད་དེ་ བག་དགོཔ་ཨིན་པས།

ཉིན་བསྟར་བཞིན་དུ་ ཟུར་བཞག་ཁང་ཚུ་ལས་ ཕྱགས་སྙིགས་བསྡུ་ལེན་འབད་ནི་དེ་ ཉེན་ཁ་ཆེ་བའི་ཁར་ བྱ་སྒོའི་ལམ་ལུགས་དང་ཡང་ འགལ་ནིའི་ཉེན་ཁ་འདུག་ཟེར་ཨིན་པས།

ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ མི་ཚུ་ ཟུར་བཞག་ཁང་ནང་ ཉིན་གྲངས་༡༤ སྡོད་པའི་ཤུལ་ལས་ རང་སོའི་ས་གོ་ནང་བཏངམ་ད་ ཁོང་གི་ཕྱགས་སྙིགས་ཚུ་ ཁང་མིག་ཕྱི་ཁའི་ སྒོའི་རྩ་བར་ བཞག་བཅུག་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *