ཁ་ཙ་ སྤུངས་ཐང་བདེ་བ་ཆེན་པོའི་ ཕོ་བྲང་ནང་ གློག་མེ་བསྐྱར་བཙུགས་ཀྱི་ ལཱ་འགོ་འབྱེད་འབདཝ་ད་ ཨ་ཞེ་སྐལ་བཟང་ཆོས་སྒྲོན་བཀྲིས་དབང་ཕྱུག་དང་ ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ་ དེ་ལས་ ལམ་སྲོལ་ལས་ཁུངས་དང་ སུ་ཡིསི་སྡེ་ཚན་གྱི་ འཐུས་མི་ཚུ་གིས་ གྲལ་གཏོགས་འབད་ནུག།

སྤུ་ན་ཁ་རྫོང་ནང་ གློག་མེ་བསྐྱར་བཙུགས་ཀྱི་ ལཱ་འགོ་བཙུགས་ཡོདཔ།

༉ མི་དབང་རྒྱལ་ཡུམ་སྐུ་བགྲེས་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ དབུ་འཛུགས་གནང་མི་དང་བསྟུན་ ཁ་ཙ་ལས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་ གློག་མེ་བསྐྱར་བཙུགས་ཀྱི་ ལཱ་འགོ་བཙུགས་ནུག།

མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་གི་ ཐུགས་བརྩོན་ནམ་ རྩོལ་སྒྲུབ་དེ་ འབྲུག་ལུ་ཡོད་མི་ རྫོང་གཞིས་དང་ ལྷ་ཁང་དགོན་སྡེ་ཚུ་ག་ར་ ཉེན་སྐྱོབ་འབད་ནིའི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་བཞི་པ་རྣམ་གཉིས་ཀྱི་ ཐུགས་དགོངས་འགྲུབ་ནི་དང་ རྒྱལ་ཡུམ་སྐུ་བགྲེས་ཀྱིས་ སྲོལ་རྒྱུན་གྱི་ ས་ཁོངས་ཚུ་ནང་ ཉེན་སྲུང་ལྡན་པའི་ གློག་མེ་ལམ་ལུགས་ གཞི་བཙུགས་ཐོག་ ཉེན་སྐྱོབ་འབད་ནི་གི་ ཐུགས་བཞེད་གནང་མི་དེ་ འགྲུབ་ཐབས་ལུ་ཨིན་པས།

རྒྱལ་འཛིན་ལས་འགུལ་གྱིས་ སྤུ་ན་ཁ་རྫོང་ནང་ ད་ལྟོ་ བཙུགས་སྒྲིག་འབད་ཡོད་མི་ གློག་མེ་ཚུ་གི་ཚབ་ལུ་ གསར་བཙུགས་ཐོག་ ཉེན་སྲུང་ངེས་བརྟན་ཡོདཔ་ བཟོ་ནི་ཨིནམ་ད་ ལས་འགུལ་དེ་ སུ་ཡིསི་འཁྲབ་སྟོན་ཁང་འོག་སྒྲིག་ཚོང་སྡེ་ལས་ འཕྲུལ་ལསཔ་སྡེ་ཚན་ཅིག་གིས་ འགོ་ཁྲིད་འབད་ནི་ཨིན་པས།

ལས་འགུལ་གྱི་འགོ་འཛིན་ ཨི་མ་ནཱུལ་ ཕུ་ལུ་ཀི་ཇར་གྱིས་ སླབ་མིའི་ནང་ གློག་མེ་བསྐྱར་འཛུགས་དེ་ ཡུ་རོ་པིན་གྱི་ གནས་ཚད་དང་ལྡནམ་སྦེ་ བཙུགས་སྒྲིག་འབད་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གློག་མེའི་ཐགཔ་ཚུ་ གནས་སྟངས་ལེགས་ཤོམ་མེད་པའི་ཁར་ རྫོང་ནང་ན་ ཉེན་ཅན་དང་ ཉེན་སྲུང་མེད་པའི་ ས་གོ་ལེ་ཤ་འདུག་ཟེར་ཨིན་པས།

མི་དབང་རྒྱལ་པོའི་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་གིས་ ཨི་མ་ནཱུལ་ ཕུ་ལུ་ཀི་ཇར་ལུ་ འཕྲུལ་ལས་དང་འབྲེལ་བའི་ ཆ་རོགས་འབད་དགོཔ་སྦེ་ བཀའ་གནང་ནུག་ཟེར་ཨིན་པས།

ཨི་མ་ནཱུལ་ ཕུ་ལུ་ཀི་ཇར་ལུ་ འབྲུག་རྒྱལ་ཁབ་ནང་ དབང་འདུས་ཕོ་བྲང་རྫོང་བརྩིས་ཏེ་ རྩ་ཆེ་བའི་ རྫོང་གཞིས་ལེ་ཤ་ཅིག་ར་ མེ་མཆོད་བཞེས་མིའི་སྐོར་ལས་ ཤེས་རྟོགས་བྱུང་ཡོདཔ་བཞིན་དུ་ ད་རེས་ སྤུ་ན་ཁ་རྫོང་ནང་ གློག་མེ་ཚུ་ ལོག་བཙུགས་ནི་དེ་ ཁོ་རའི་རེ་འདོད་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

སྤུ་ན་ཁ་རྫོང་རབ་ ཨྱོན་ཚེ་རིང་གིས་ སླབ་མིའི་ནང་ ད་ལྟོ་རྫོང་ནང་ གློག་ཐག་དང་འབྲེལ་བའི་ དཀའ་ངལ་སྦོམ་ཅིག་མེད་རུང་ དུས་རྒྱུན་དུ་ རྒྱུན་སྐྱོང་འབད་དགོཔ་ ཐོནམ་ཨིན་ཟེར་ཨིན་པས།

སུ་ཡིསི་སྡེ་ཚན་གྱིས་ ཁུ་རུ་ཐང་བཟོ་རིག་སྦྱོང་བརྡར་སྤེལ་ཁང་གི་ འཕྲུལ་ལསཔ་༢༦ དང་ གློག་མེ་བཙུགས་སྒྲིག་ནང་ མཁར་འཁྱོལ་མི་ བདེ་སྲུངཔ་༡༠ ད་རུང་ གློག་མེ་བཙུགས་སྒྲིག་འབད་མི་འབྲུགཔ་༡༠ ལུ་ སྦྱོང་བརྡར་བྱིན་ནི་ཨིནམ་ད་ ལས་འགུལ་དེ་ དུས་ཡུན་ཟླཝ་༤ གི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས།

རྒྱལ་འཛིན་ལས་འགུལ་དེ་ལུ་ མ་དངུལ་ས་ཡ་༥༢.༦༨ དེ་ཅིག་གི་ སྔོན་རྩིས་བཏོན་ཡོདཔ་ད་ རྒྱལ་ཡུམ་སྐུ་བགྲེས་མཆོག་གིས་ བརྟན་རྩ་མ་དངུལ་ས་ཡ་༡༠ གནང་ཡོདཔ་བཞིན་དུ་ ཨི་མ་ནཱུལ་ ཕུ་ལུ་ཀི་ཇར་གྱིས་ དངུལ་ཀྲམ་ས་ཡ་༢༠.༤༠ དང་ རྒྱུ་ཆས་ཚུ་ ལྷན་ཐབས་འབད་ཡོདཔ་ཨིན་པས།

འབྲུག་གཞུང་གིས་ ལས་འགུལ་དེ་ལུ་ མ་དངུལ་ས་ཡ་༢༢.༢༨ བྱིན་ཡོད་པའི་གནས་ཚུལ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *