སྤུ་ན་ཁ་རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་ལུ་ དབང་ཚད་ལོག་སྤྱོད་འབད་བའི་ཁ་ཉེས།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤུ་ན་ཁ་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ཡང་ཨིན་མི་ ཤེལ་རྔ་ནའི་རྒཔོ་དང་ མི་ངོ་གཞན་༤ ལུ་ གཞུང་ས་ཌིསི་༨༠ ཧམ་འཛུལ་འབད་མིའི་ནང་ འབྲེལ་གནད་ཡོདཔ་ལས་ ཉེས་འཛུགས་བཀལ་དགོཔ་སྦེ་ གྲོས་འདེབས་བཀོད་ནུག།

དེ་ཡང་ ལྷན་ཚོགས་ཀྱིས་ ཉེས་བཤེར་གྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་བསྐྱལ་མི་ ཞིབ་དཔྱད་སྙན་ཞུ་ནང་ སྤྱི་ལོ་༢༠༡༡ ལུ་ ཤེལ་རྔ་ན་རྒཔོ་གིས་ དབང་ཚད་ལོག་སྤྱོད་འབད་དེ་ གཞུང་ས་ཌིསི་༨༠ དེ་ འཇལ་བའི་སྐབས་ ཆ་བཞག་ཁྲམ་ནང་ལས་ འཛགས་ལུས་ཤོར་སོ་ནུག་ཟེར་ བསྐྱར་འཇལ་ཐོག་ ཁོ་རའི་གནས་ཚང་གི་ མིང་ཐོ་ཁར་ ཁྲམ་རྐྱབ་ཡོད་པའི་ ཁ་ཉེས་བཀལ་ནུག།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ད་ལྟོའི་རྒཔོ་གི་སྐོར་ལས་ ཉོགས་བཤད་ཁག་༢ ཐོབ་པའི་ཤུལ་ལས་ སྤྱི་ལོ་༢༠༡༩ ལུ་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོད་རུང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཡུན་འགྱངས་ལུས་ཡོདཔ་ཨིན་པས།

ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༤ ལས་ཚུར་ ཤེལ་རྔ་ནའི་རྒཔོ་སྦེ་ ཕྱག་ཞུ་མི་དེ་གིས་ སྤྱི་ལོ་༢༠༡༡ ཟླ་༢ པའི་ཚེས་༢༧ ལུ་ ས་འཇལ་འགོ་དཔོན་ལུ་ ཞུ་ཡིག་ཅིག་ བཙུགས་མི་དེ་ནང་ སྐུ་མཆེད་ཕར་ཁ་ འདམ་ལེགས་ན་ཟེར་ འཁོད་ཡོད་མི་ ཆུ་ཞིང་ཌིསི་༨༠ འབད་མི་དེ་ ཁོ་རའི་གནས་ཚང་གི་ མིང་ཐོ་ཁར་ ཁྲམ་ཨང་༡༥༢ པའི་ནང་ཡོད་རུང་ ས་ཁྲ་ནང་ལས་ འཛགས་ལུས་ཤོར་ཡོདཔ་སྦེ་ བཀོད་ནུག་ཟེར་ཨིན་པས།

ཉོགས་འཛིང་ཅན་གྱི་ ཆུ་ཞིང་ཌིསི་༨༠ དེ་ སྤྱི་ལོ་༡༩༩༡ ལུ་ ཡོངས་རྫོགས་སྦེ་ ས་འཇལ་བའི་སྐབས་དང་ སྤྱི་ལོ་༢༠༠༠ ལུ་ ས་ཁྲམ་གསརཔ་བསྡུ་སྒྲིག་འབད་བའི་སྐབས་ མ་འཇལ་རུང་ འཛགས་ལུས་ཤོར་ཡོདཔ་སྦེ་སླབ་སྟེ་ རྒཔོ་ཁོ་ར་དང་ སའི་ཚོགས་པ་༢ ཀྱིས་ ཞུ་ཡིག་འབྲི་ཤོག་ལུ་ ངོ་སྦྱོར་གྱི་ རྒྱབ་སྣོན་འབད་དེ་ སྤྱི་ལོ་༢༠༡༡ ལུ་ ས་འཇལ་ནུག་ཟེར་ཨིན་པས།

རྒྱབ་སྣོན་འབད་བའི་ཤུལ་ལུ་ རྒཔོ་གིས་ སའི་ཇོ་བདག་གི་ ངོ་ཚབ་སྦེ་ བཟའ་ཚང་གི་ ས་ཆའི་ཉེ་འདབས་ལུ་ཡོད་མི་ གཞུང་ས་དེ་ སྐུ་མཆེད་ཕར་ཁ་ འདམ་ལེགས་ན་ཟེར་མི་ཨིནམ་སྦེ་ གསལ་སྟོན་ཐོག་ ས་འཇལ་བཅུག་ནུག་ཟེར་ ཞིབ་དཔྱད་སྙན་ཞུ་ནང་བཀོད་ནུག།

དེ་འབདཝ་ལས་ ལྷན་ཚོགས་ཀྱིས་ ད་ལྟོའི་རྒཔོ་ལུ་ གཞུང་ས་ཨིནམ་ ཤེས་བཞིན་དུ་ འཛགས་ལུས་ཤོར་བའི་གྲངས་སུ་ བརྩི་འཇོག་ཐོག་ ཁོ་རའི་གནས་ཚང་གི་ མིང་ཐོ་ཁར་ ཁྲམ་རྐྱབ་ནི་ལུ་ ལྷན་ཐབས་འབད་བའི་ ཁ་ཉེས་ཐོག་ ཡིག་ཚང་བྱ་སྒོ་ལོག་སྤྱོད་འབད་བའི་ ཉེས་འཛུགས་དང་ ཁོ་རའི་གནས་ཚང་དང་ གཞན་༣ ལུ་ གཞུང་ས་ཧམ་འཛུལ་ནང་ སྡོང་ཟླ་དང་ཆ་རོགས་འབད་བའི་ ཉེས་འཛུགས་བཀལ་དགོཔ་སྦེ་ རྒྱལ་ཁམས་ཀྱི་ ཉེས་བཤེར་པ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ གྲོས་འདེབས་བཀོད་ནུག།

དེ་དང་གཅིག་ཁར་ ཚུལ་མིན་གྱི་སྒོ་ལས་ གཞུང་ས་ཌིསི་༨༠ ཁྲམ་རྐྱབ་མི་དེ་ཡང་ རྒྱལ་ཁམས་ལུ་ སོར་ཆུད་འབད་དགོ་པའི་ ཞུ་བ་ཡང་འབད་ནུག།

ཁ་ཙ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ས་ཁྲམ་ཨང་༡༥༢ ཅན་མའི་ནང་ཡོད་མི་   ས་ཚན་ཌིསི་༨༠ དེ་ ཉོ་བཙོང་འཐབ་མ་ཆོག་པར་ བཀག་ཆའི་གསལ་བསྒྲགས་འབད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *