༉ སྤྱི་ཟླ་༥ པའི་ཚེས་༡ གི་ནུབ་མོར་ སྤག་ཤིང་ཁ་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་བུཚ་བདག་འཛིན་པ་གིས་ སློབ་གྲྭ་དེ་གི་ སློབ་ཕྲུག་༢ བརྡུང་རྫོབ་འབད་མི་ལུ་བརྟེན་ ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ ཁོ་ལུ་ ལོ་ངོ་༡ གི་ བཙོན་ཁྲིམས་བཀལ་ནུག།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་གནང་མི་ འཁྲུན་ཆོད་ནང་ སྐྱབས་ཆ་ལས་ སྐྱེས་ལོ་༢༧ ལང་མི་ རྡོ་རྗེ་གིས་ འབྲུག་གི་ཉེས་འགེལ་ཁྲིབས་དེབ་ཀྱི་དོན་ཚན་༡༥༨ པ་ལས་ འགལ་ཡོད་པའི་ ཉེས་པ་ཕོག་ཡོད་ཟེར་ བཀོད་ཡོདཔ་ད་ དོན་ཚན་༡༥༨ པའི་ནང་ གལ་སྲིད་ བསམ་སྦྱོར་སྒོ་ལས་ རྩོད་ཟླ་ཅིག་གིས་ དྲག་ཤུགས་ཐོག་ལས་ མི་ངོ་གཞན་ལུ་ ལགཔ་བཀལ་བ་ཅིན་ རྩོད་ཟླ་དེ་ འཐབ་འཛིང་གནོད་འགེལ་གྱི་ ཉེས་སྐྱོན་ཨིནམ་སྦེ་ བརྩི་དགོ་ཟེར་ བཀོད་ཡོདཔ་ད་ རྩོད་ཟླ་རྡོ་རྗེ་ལུ་ ཉེས་ཚབས་དང་འཁྲིལ་ བཙོན་ཁྲིམས་ཉེས་ཕྲ་བཀལ་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་ཡང་ རྩོད་ཟླ་གིས་ སློབ་ཕྲུག་བུཚ་ཚུ་གི་ ཉལ་ཁང་ནང་ ལྟ་ཞིབ་འབདཝ་ད་ སློབ་ཕྲུག་༢ ཁོང་རའི་ ཆ་རོགས་ཚུ་གི་ ཁང་མིག་ནང་ཡོདཔ་མཐོང་སྟེ་ ཨེན་ཏ་ཅིག་ ལག་ལེན་འཐབ་ཐོག་ལས་ དྲང་པའི་སྐབས་ ཨེན་ཏ་གུ་ ལྕགས་གཟེར་བཀུག་བཀུགཔ་ཅིག་གིས་ སློབ་ཕྲུག་༡ ལུ་ རྨ་སྐྱོན་བཏོན་ད་ནུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག
འཁྲུན་ཆོད་དང་འཁྲིལཝ་ད་ སློབ་ཕྲུག་བུཚ་བདག་འཛིན་པ་གིས་ རྩོད་དོན་དེ་ རྩ་ཕན་ཚུ་གི་བར་ན་ མོས་མཐུན་ཐོག་ མཇུག་བསྡུ་བའི་ཤུལ་ལུ་དང་ རྐྱེན་ངན་བྱུང་སྟེ་ དུས་ཡུན་ཆུ་ཚོད་༢༤ གི་ ནང་འཁོད་ལུ་མེན་པའི་ རྩོད་དོན་སྐབས་ ཁྲིམས་སྲུང་འགག་སྡེ་གིས་ ཁོ་ འཛིན་བཟུང་འབད་ནི་གི་ འོས་འབབ་ཡོད་མེད་སྐོར་ ཁྲིམས་ཀྱི་འདུན་སར་ དྲི་བ་ཞུ་ཡི་ཟེར་ཨིན་པས།
དེ་མ་ཚད་ རྩོད་ཟླ་གིས་ བརྡུང་རྫོབ་འབད་བའི་སྐོར་ ཉོགས་བཤད་བཀོད་པའི་ ནམ་དུས་ལུ་ དགེ་འདུའི་ཁྲིམས་སྲུང་འགག་སྡེ་གིས་ ཁོ་ དོ་དམ་འོག་ལུ་བཞག་སྟེ་ ག་ཅི་སྦེ་ ཞིབ་དཔྱད་མ་རྐྱབ་ཨིན་ན་ཟེར་ ཞུ་ཡོདཔ་ཨིན་པས།
འཁྲུན་ཆོད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྩོད་གཞི་དེ་ བུཚ་བདག་འཛིན་པ་དང་ སློབ་ཕྲུག་ཚུ་གི་བར་ན་ ནང་འགྲིགས་འབད་དེ་ མཇུག་བསྡུ་ཡོད་རུང་ ཆུ་ཁ་རྫོང་ཁག་ ཤེས་རིག་སྡེ་ཚན་གྱིས་ གནད་དོན་དེ་གི་སྐོར་ ཞིབ་དཔྱད་མཐིལ་ཕྱིན་འབད་གནང་དགོཔ་སྦེ་ སླབ་མི་ལུ་བརྟེན་ དགེ་འདུའི་ཁྲིམས་སྲུང་འགག་སྡེ་གིས་ རྩོད་གཞི་ལོག་ཕྱེ་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ རྩོད་ཟླ་གིས་ ཉེས་འགེལ་ཁྲིམས་དེབ་ལས་ འགལ་ཡོད་ནི་དེ་གིས་ ཁྲིམས་སྨིན་དགོཔ་ཨིན་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
ཨིན་རུང་ རྩོད་ཟླ་གིས་ རྩ་ཕན་ཚུ་གི་བར་ན་ ནང་འགྲིགས་འབད་བའི་སྐབས་ རྒུད་འཐུས་སྤྲོད་མི་དེ་གིས་འཐུས་ཡོདཔ་ལས་ ཁྲིམས་འདུན་གྱིས་ རྒུད་འཐུས་ལོགས་སུ་སྦེ་ སྤྲོད་དགོ་པའི་ བཀའ་རྒྱ་མ་གནང་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ བརྡུང་རྫོབ་ལུ་བརྟེན་ རྨ་སྐྱོན་བྱུང་མི་ སློབ་ཕྲུག་བུཚ་ཅིག་གི་ཕམ་ལུ་ བུཚ་བདག་འཛིན་པ་གིས་ རྒུད་འཐུས་དངུལ་ཀྲམ་༥༥,༠༠༠ སྤྲོད་པའི་ཤུལ་ལས་ ཕམ་ཚུ་གིས་ དགེ་འདུའི་ཁྲིམས་སྲུང་འགག་སྡེ་ལུ་ ཉོགས་བཤད་བཙུགས་མི་དེ་ ཕྱིར་བཏོན་འབད་ནུག་ཟེར་ཨིན་པའི་གནས་ཚུལ།
Check Also
བཀའ་རྒྱ་ཁྱོམ་གྱིས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཆ་རོགས་འབད་ནི།
༉ ཐིམ་ཕུག་ བཀའ་རྒྱ་ཁྱོམ་ནང་ཡོད་པའི་ རང་བཞིན་སླར་འབྱུང་ཐོན་ཁུངས་ཀྱི་ རང་བཞིན་སོ་ནམ་དང་སྒོ་ནོར་ཐོན་སྐྱེད་བཙོང་ཁང་གིས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཚོང་འབྲེལ་གདོང་ལེན་བྱུང་མི་དེ་ སེལ་ཐབས་འབད་ནིའི་དོན་ལུ་ ཆ་རོགས་འབད་དོ་ཡོདཔ་ཨིན་པས། དེ་ཡང་ དར་དཀར་དཔལ་ལུ་ གཞི་བཙུགས་འབད་དེ་ཡོད་པའི་ དར་དཀར་སོ་ནམ་ཐོན་སྐྱེད་སྡེ་ཚན་གྱི་ རྒྱ་སྐྱེད་བཙོང་ཁང་བཟུམ་ཅིག་ཨིནམ་ད་ …