སྤ་རོའི་སོ་ནམ་པ་༥ དང་ཚོང་པ་༡ ལུ་ གསེར་ཀེ་ཇི་༢༢ ལྐོག་ཚོང་འཐབ་པའི་ཉེས་འཛུགས།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༣༥ ལས་༤༩ ཚུན་གྱི་བར་ན་འབད་མི་ ཕོ་སྐྱེས་༦ ལུ་ གནས་གོང་དངུལ་ཀྲམ་ས་ཡ་༦༢.༢༢༩ ལྷགཔ་ཅིག་གནས་པའི་ གསེར་ཀེ་ཇི་༢༢ བྱང་ཕྱོགས་ཀྱི་ ས་མཚམས་ལས་ ནང་འདྲེན་འབད་དེ་ ལྐོག་ཚོང་དང་ ལོག་འདྲེན་གྱི་ ཉེས་འཛུགས་ཐོག་ ཁ་ཙ་ སྤ་རོ་རྫོང་ཁག་ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་ནུག།
དེ་ཡང་ ཉེས་འཛུགས་ཅན་༦ གི་གྲས་ལས་༥ སོ་ནམ་པ་དང་༡ ཚོང་ལཱ་འབད་མི་ཨིནམ་ད་ སྐྱེས་ལོ་༤༥ ལང་མི་ རྣམ་རྒྱལ་རྡོ་རྗེ་དང་ སྐྱེས་ལོ་༣༥ ལང་མི་ བྱང་ཆུབ་ཉི་མ་༢ ལུ་ གསེར་ལྐོག་ཚོང་དང་ ལོག་འདྲེན་འབད་ཡོད་པའི་ ཉེས་འཛུགས་ཁག་༢ བཀལ་ཡོདཔ་བཞིན་དུ་ ཁོང་གཉིས་ཆ་ར་ སོ་ནམ་པ་ཨིནམ་མ་ཚད་ སྤ་རོ་བཙན་ཏོག་རྒེད་འོག་ལས་ཨིན་པས།
རྩོད་ཟླ་༢ ཀྱིས་ གསེར་ཀེ་ཇི་༢༢ ནང་འདྲེན་འབད་མི་ལས་ ཀེ་ཇི་༦ རྒྱ་གར་གྱི་ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ སྡོད་མི་ཅིག་དང་ ཚོང་འབྲེལ་འཐབ་ཡོདཔ་ད་ ཁོང་གིས་ ལྐོག་ཚོང་འཐབ་མི་ གསེར་གྱི་གོང་ཚད་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཆེད་དུ་བཀོད་པའི་ གོང་ཚད་ལུ་ རྩིས་ཕབ་ད་ གསེར་ག་རམ་༡ ལུ་ དངུལ་ཀྲམ་༢,༨༢༨.༦༡ རེ་གནསཔ་ལས་ གསེར་ཀེ་ཇི་༦ ལུ་ རིན་གོང་དངུལ་ཀྲམ་ས་ཡ་༡༦.༩༧༡ ལྷགཔ་ཅིག་ ཐོནམ་ཨིན་པས།
ད་རུང་ བཙན་ཏོག་ལས་ སྐྱེས་ལོ་༣༦ ལང་མི་ སོ་ནམ་པ་ དཀོན་མཆོག་རྡོ་རྗེ་དང་ སྐྱེས་ལོ་༤༣ ལང་མི་ སོ་ནམ་པ་ བཙན་སྐྱོགས་རྡོ་རྗེ་༢ ཀྱིས་ བོད་ཕ་རི་ལས་ ཀེ་ཇི་རེ་འབད་མི་ གསེར་པག་ཅུ་༢༢ ནག་ཚོང་གི་དོན་ལུ་ ནང་འདྲེན་འབད་ཡོད་པའི་ ཉེས་འཛུགས་འབད་ནུག།
སྤ་རོ་ཝང་ལྕང་ལས་ སྐྱེས་ལོ་༤༩ ལང་མི་ སོ་ནམ་པ་ ལྕང་ལོ་དང་ ལམ་གོང་ལས་ སྐྱེས་ལོ་༤༡ ལང་མི་ ཚོང་པ་ཀུན་དགའ་ནོར་བུ་༢ ཀྱིས་ གནས་གོང་དངུལ་ཀྲམ་ས་ཡ་༣༣.༩༤༣ ལྷགཔ་ཅིག་གནས་པའི་ གསེར་ཀེ་ཇི་༡༢ ཇའི་སྒང་ལུ་ རྒྱ་གར་གྱི་ མི་ཅིག་ལུ་ ལྐོག་ཚོང་འཐབ་པའི་ ཉེས་འཛུགས་འབད་ནུག།
ཉེས་འཛུགས་ཅན་ རྣམ་རྒྱལ་རྡོ་རྗེ་དང་ བྱང་ཆུབ་ཉི་མ་ལུ་ ལོག་འདྲེན་འབད་བའི་ ཉེས་འཛུགས་བཀལ་མི་དེ་ཡང་ ཁོང་༢ ཀྱིས་ སྤྱི་ལོ་༢༠༡༨ ཟླ་༤ པའི་ནང་ བོད་ཕ་རི་ལས་ བོད་མི་ཅིག་ལས་ གསེར་པག་ཅུ་༢༢ ལེན་ཐབས་ལུ་དམིགས་ཏེ་ ཉེས་འཛུགས་ཅན་ དཀོན་མཆོག་རྡོ་རྗེ་དང་ བཙན་སྐྱོགས་རྡོ་རྗེ་༢ ལུ་ གླ་ཆ་དངུལ་ཀྲམ་༢༠,༠༠༠ རེ་སྤྲོད་ནི་སྦེ་ ལས་མི་འཚོལ་ཏེ་ ཕ་རི་ལུ་ བཏང་ནི་དེ་གིས་ཨིན་པས།
རིན་ཆེན་གསེར་ཚུ་ རྒྱལ་ཁབ་ནང་ ནང་འདྲེན་འབད་བའི་སྐབས་ ཅ་དམ་འགོ་དཔོན་ཚུ་ལུ་ ལམ་ལུགས་དང་ སྒྲིག་གཞི་ལྟར་ གསལ་སྟོན་འབད་དགོཔ་མ་ཚད་ ཅ་དམ་གྱི་ཁྲལ་དང་ བཙོང་ཁྲལ་ཡང་ བཏབ་དགོ་པའི་ཁར་ ཚད་གཞི་ལས་བརྒལ་བའི་ གསེར་ནང་འདྲེན་འཐབ་དགོ་པ་ཅིན་ ནང་འདྲེན་མ་འབད་བའི་ཧེ་མར་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལས་ གནང་བ་ལེན་དགོཔ་དང་ དེ་མིན་ནང་འདྲེན་འབད་མ་ཆོགཔ་ཨིནམ་ ཤེས་བཞིན་དུ་ རྣམ་རྒྱལ་རྡོ་རྗེ་དང་ བྱང་ཆུབ་ཉི་མ་༢ ཀྱིས་ གསེར་ལྐོག་ཚོང་འཐབ་ནིའི་ དམིགས་གཏད་བསྐྱེད་དེ་ ཉེས་འཛུགས་ཅན་ དཀོན་མཆོག་རྡོ་རྗེ་དང་ བཙན་སྐྱོགས་རྡོ་རྗེ་༢ ལུ་ གསེར་ལྐོག་ཚོང་གི་ གནོད་འགེལ་འཐབ་བཅུག་མི་ལུ་བརྟེན་ ལོག་འདྲེན་འབད་ཡོད་པའི་ གནོད་འགེལ་གྱི་ ཉེས་ཁྲིམས་སྨིན་དགོཔ་འདུག་ཟེར་ ཉེས་འདོགས་པ་གིས་ ཁྲིམས་འདུན་ལུ་ཕུལ་མི་ བཤེར་ཡིག་ནང་བཀོད་ནུག།
ལོག་འདྲེན་འབད་ཡོད་པའི་ གནོད་འགེལ་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༡༣༤(ཁ)པའི་ དགོངས་དོན་ལྟར་ དབྱེ་རིམ་གསུམ་པའི་ ཉེས་ཆེན་གྱི་ བཙོན་ཁྲིམས་ཕྱེད་ཀ་བཀལ་དགོཔ་འདུག་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ ཞུ་ཡོདཔ་ད་ ལྐོག་ཚོང་གི་གནོད་འགེལ་དེ་ དབྱེ་རིམ་གསུམ་པའི་ཉེས་ཆེན་ ཁྲིམས་ཚད་དུས་ཡུན་དམའ་ཤོས་ ལོ་ལྔ་ལས་ མཐོ་ཤོས་ལོ་ངོ་༩ འོག་རྒྱུའི་བཙོན་ཁྲིམས་སྨིན་དགོཔ་འདུག་ཟེར་ཞུ་ནུག།
རྩོད་གཞིའི་རྒྱབ་ཁུངས།
སྤྱི་ལོ་༢༠༡༨ ཟླ་༤ པའི་ནང་ ཉེས་འཛུགས་ཅན་ རྣམ་རྒྱལ་རྡོ་རྗེ་གིས་ བཙན་སྐྱོགས་རྡོ་རྗེ་དང་ དཀོན་མཆོག་རྡོ་རྗེ་༢ ལས་མི་འཚོལ་ཏེ་ བོད་ཕ་རི་ལུ་ བཏང་ཐོག་ལས་ གསེར་ནང་འདྲེན་འབད་ཡོད་པའི་སྐོར་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡༣ གྱི་དྲོ་པ་ཆུ་ཚོད་༩.༣༠ དེ་ཅིག་ཁར་ སྤ་རོའི་ཁྲིམས་སྲུང་འགག་སྡེ་གིས་ གསང་བའི་སྙན་ཞུ་ཅིག་ ཐོབ་པའི་ཤུལ་ལས་ ཉེས་འཛུགས་ཅན་༦ པོ་ཆ་ར་ སྤ་རོ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དབྱེ་ཞིབ་འབདཝ་ད་ རྣམ་རྒྱལ་རྡོ་རྗེ་དང་ བྱང་ཆུབ་ཉི་མ་ ལྕང་ལོ་ ཀུན་དགའ་ནོར་བུ་ཁོང་༤ མཉམ་རུབ་ཐོག་ ཚོང་ལཱ་འབད་དེ་སྡོདཔ་ད་ རྒྱ་གར་གྱི་ མི་ཅིག་དང་ ངོ་ཤེས་འདྲིས་ཤེས་བྱུང་སྟེ་ སྤྱི་ལོ་༢༠༡༧ ལུ་ རྒྱ་གར་གྱི་ མི་དེ་དང་ གསེར་ཚོང་སྒྱུར་འཐབ་ནི་གི་ དམིགས་གཏད་བསྐྱེད་དེ་ གྱོས་ངན་བརྩམས་ནུག་ཟེར་ཨིན་པས།
དེ་གི་ཤུལ་ལས་ ཁོང་ཉེས་འཛུགས་ཅན་རེ་རེ་ལས་ དངུལ་ཀྲམ་འབུམ་ལྔ་རེ་ བསྡུ་ལེན་འབད་དེ་ གསེར་ལྐོག་ཚོང་འཐབ་ནིའི་དོན་ལུ་ དངུལ་ཀྲམ་བསྡོམས་ས་ཡ་༢ རྒྱ་གར་གྱི་ མི་ངོམ་ལུ་ ཉེན་སྲུང་མ་དངུལ་སྦེ་ རྩིས་སྤྲོད་འབད་ཞིནམ་ལས་ ཁོང་༤ གི་བར་ན་ གྲོས་བསྟུན་འབད་དེ་ མོས་མཐུན་བྱུང་མིའི་ནང་ རྣམ་རྒྱལ་རྡོ་རྗེ་དང་ བྱང་ཆུབ་ཉི་མ་༢ ཀྱིས་ བོད་ཕ་རི་ལས་ བཙན་ཏོག་ཚུན་ གསེར་ནང་འདྲེན་འབད་ནི་དང་ དེ་ཁ་ལས་ ཉེས་འཛུགས་ཅན་ ལྕང་ལོ་དང་ ཀུན་དགའ་ནོར་བུ་༢ ཀྱིས་ ལེན་ཐོག་ལས་ རྒྱ་གར་གྱི་མི་ལུ་ རྩིས་སྤྲོད་ནི་སྦེ་ གྲོས་འཆམ་བྱུང་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༡༨ ཟླ་༤ པའི་ནང་ རྒྱ་གར་གྱི་ མི་དེ་གིས་ ཀུན་དགའ་ནོར་བུ་ལུ་ བོད་ཕ་རི་ལས་ གསེར་ཀེ་ཇི་༢༢ ནང་འདྲེན་འབད་ཚུགས་པ་ཅིན་ གསེར་ཀེ་ཇི་རེ་ལུ་ བར་འཐུས་དངུལ་ཀྲམ་༢༠,༠༠༠ རེ་ སྤྲོད་ནི་ཨིན་པའི་སྐོར་ འགྲུལ་འཕྲིན་ནང་ ཝི་ཅེཊ་ཐོག་སླབ་སྟེ་ གྱོས་ངན་བརྩམས་པའི་རྗེས་སུ་ བཙན་སྐྱོགས་རྡོ་རྗེ་དང་ དཀོན་མཆོག་རྡོ་རྗེ་༢ ལས་མི་འཚོལ་ཏེ་ བོད་ཕ་རི་ལུ་བཏང་ནུག།
ཉེས་འཛུགས་ཅན་༢ ཀྱིས་ ཕ་རི་ལས་ བོདཔ་ཅིག་གི་ལག་པ་ལས་ གསེར་ཀེ་ཇི་༢༢ ལེན་པའི་ཤུལ་ལུ་ མི་རེ་གིས་ གསེར་ཀེ་ཇི་༡༡ རེ་བགོ་སྟེ་ འབག་འོང་པའི་སྐབས་ ས་གནས་གངས་ཆེ་ལ་ཟེར་སར་ལྷོདཔ་ད་ གུང་ཉིད་རྩ་བ་ལུ་སྡོད་མི་ བསྟན་སྲུང་དམག་སྡེའི་ སྡེ་ཚན་དང་ ཁ་ཐུག་རྐྱབ་ཡོདཔ་ཨིན་པས།
དེ་བསྒང་ ཉེས་འཛུགས་ཅན་༢ ཀྱིས་ གསེར་པག་ཅུ་༥ རེ་འབདཝ་ད་ པག་ཅུ་༡༠ ས་གནས་དེ་ཁར་ བཀོག་བཞག་སྟེ་ བྱོག་སོང་ཡོདཔ་ད་ དམག་མི་ཚུ་གིས་ གསེར་ཀེ་ཇི་༡༠ བཙན་ལེན་འབད་ཡོདཔ་ཨིན་རུང་ ཁོང་༢ འཛིན་བཟུང་འབད་མ་ཚུགས་པས།
དེ་ལས་ ཉེས་འཛུགས་ཅན་༢ ཀྱིས་ རྣམ་རྒྱལ་རྡོ་རྗེ་ལུ་ འགྲུལ་འཕྲིན་བཏང་ཐོག་ལས་ བསྟན་སྲུང་དམག་མི་ཚུ་དང་ཕྱདཔ་ད་ གསེར་ཀེ་ཇི་༡༦ བཀོག་བཞག་སྟེ་ བྱོག་སོང་ཡོད་པའི་སྐོར་ རྫུན་གཏམ་བཤད་ཡོདཔ་བཞིན་དུ་ རྣམ་རྒྱལ་རྡོ་རྗེ་གིས་ ས་གནས་ལེམ་རྡོ་ཟམ་ཟེར་སར་ཚུན་ ཁོང་༢ ལེན་པར་ ཁོ་རའི་སྣུམ་འཁོར་བདའ་སྟེ་ སོང་ཡོདཔ་ཨིན་པས།
ཁོང་༢ ཀྱིས་ གསེར་ཀེ་ཇི་༦ སྦ་བཞག་སྟེ་ ཀེ་ཇི་༦ རྐྱངམ་གཅིག་ རྣམ་རྒྱལ་རྡོ་རྗེ་ལུ་ སྤྲོད་ཡོདཔ་བཞིན་དུ་ ཁོ་གིས་ བྱང་ཆུབ་ཉི་མ་ལུ་ རྩིས་སྤྲོད་པའི་ཤུལ་ལུ་ བྱང་ཆུབ་ཉི་མ་གིས་ ཉེས་འཛུགས་ཅན་ལྕང་ལོ་དང་ ཀུན་དགའ་ནོར་བུ་༢ ལུ་ སྤྲོད་ཡོདཔ་ད་ ཁོང་༢ ཀྱིས་ རྒྱ་གར་གྱི་ མི་ལུ་སྤྲོད་ནུག་ཟེར་ཨིན་པས།
བདུན་ཕྲག་དག་པ་ཅིག་གི་རྒྱབ་ལས་ ཉེས་འཛུགས་ཅན་༤ གིས་ བསྟན་སྲུང་དམག་མི་གིས་ གསེར་ཀེ་ཇི་༡༠ བཙན་ལེན་འབད་བའི་ལྷག་ལུས་ གསེར་ཀེ་ཇི་༦ བཙན་སྐྱོགས་རྡོ་རྗེ་དང་ དཀོན་མཆོག་རྡོ་རྗེ་༢ ཀྱི་ལག་པར་ཡོད་པའི་སྐོར་ ཤེས་རྟོགས་བྱུང་ཡོདཔ་ལས་ ཁོང་ལུ་ རྩིས་སྤྲོད་དགོཔ་སྦེ་ ཡང་བསྐྱར་སླབ་མི་ལུ་བརྟེན་ མཐའན་མཇུག་ལུ་ རྩིས་སྤྲོད་དགོཔ་བྱུང་ནུག།
དེ་ལས་ ཉེས་འཛུགས་ཅན་༤ གིས་ གསེར་ཀེ་ཇི་༦ པོ་དེ་ ཇའི་སྒང་ལུ་འབག་སྟེ་ རྒྱ་གར་གྱི་ མི་དེ་ལུ་ རྩིས་སྤྲོད་པའི་ཤུལ་ལས་ ཧེ་མར་ ཉེན་སྲུང་མ་དངུལ་སྦེ་ དངུལ་ཀྲམ་ས་ཡ་༢ སྤྲོད་མི་དེ་ སླར་ལོག་རྩིས་ལེན་ཏེ་ ཁོང་༤ གི་བར་ན་ བགོ་བཤའ་རྐྱབ་ཡོད་པའི་ཁར་ བཙན་སྐྱོགས་རྡོ་རྗེ་དང་ དཀོན་མཆོག་རྡོ་རྗེ་༢ ལུ་ དངུལ་ཀྲམ་འབུམ་རེ་སྤྲོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *