སྤ་རོ་སྟག་ཚང་གི་རྩ་བར་ ས་གནས་རམ་ཐང་ཀ་ལུ་ ལམ་སྲོལ་གྱི་ ལྟ་བཤལཔ་ཚུ་ལུ་ བཞོན་རྟ་གླ་ཁར་སྤྲོད་ནིའི་དོན་ལས་ ཁག་འབགཔ་ཚུ་ སྒུག་སྡོད་པའི་བསྒང་།

སྤ་རོ་སྟག་ཚང་ལུ་ ལམ་སྲོལ་དང་འབྲེལ་བའི་ ལྟ་བཤལ་གྱིས་ ས་གནས་ཀྱི་ མི་སྡེ་ཚུ་ལུ་ཕན་ཁྱད།

༉ སྐྱེས་ལོ་༡༣ ལང་མི་བུཚ་ཅིག་ སྤ་རོ་སྟག་ཚང་ལས་མར་ དྲོ་པ་ཆུ་ཚོད་༡༠ དེ་ཅིག་ཁར་ གདོང་ཁ་ལས་ རྔུལ་ནག་ཤུམ་ཤུམ་སྦེ་ འཛགས་ཐོག་ལས་ རམ་ཐང་ཀ་ལུ་ ལྷོདཔ་ཨིན་རུང་ ལྟ་བཤལཔ་སྡེ་ཚན་གཞན་ཅིག་ ཁོ་ལུ་ བསྒུགས་སྡོད་ཡོདཔ་ལས་ དེ་འཕྲོ་ལས་ ལོག་འགྱོཝ་ཨིན་པས།
སློབ་ཕྲུག་སྐལ་ལྡན་ཚེ་རིང་རྡོ་རྗེ་གིས་ དུས་ཡུན་ཆུ་ཚོད་༢ ཀྱི་ ནང་འཁོད་ལུ་ ཡར་མར་ལེན་ཐེངས་གཉིས་འགྱོཝ་ད་ བཞོན་རྟ་ཁག་འབགཔ་ལས་ གླ་འཐུས་དངུལ་ཀྲམ་༦༠༠ ལེན་མི་དེ་ ཉིནམ་༡ གི་ འོང་འབབ་ཨིན་པས།
གནམ་བྱཱར་གྱི་ སློབ་གྲྭའི་ངལ་གསོ་དེ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ཁར་ རམ་ཐང་ཀ་ལུ་ བཞོན་རྟ་བདའ་སྟེ་ སྟག་ཚང་གི་ གདོང་ཕྱོགས་ལུ་ ལྟ་བཤལ་པའི་ ཟ་ཁང་ཚུན་ འགྱོ་ནི་གི་ གོ་སྐབས་ལུ་ སྒུག་སྡོད་མི་ བཙན་ཏོག་ལས་ སློབ་ཕྲུག་སྡེ་ཚན་གྱི་གྲས་ལས་༡ སྐལ་ལྡན་ཚེ་རིང་རྡོ་རྗེ་དེ་ཨིན་པས།
སློབ་རིམ་༦ པའི་ནང་ལྷབ་མི་ སློབ་ཕྲུག་སྐལ་ལྡན་ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ ཁོ་ར་ ཁ་རྗེ་ཡོད་པའི་སྐབས་ ལྟ་བཤལཔ་ཚུ་གིས་ གསོལ་ར་བྱིན་དོ་ཡོདཔ་ལས་ ཉིནམ་༡ གི་ འོང་འབབ་དེ་ དངུལ་ཀྲམ་༡,༠༠༠ ལས་ལྷག་ནི་ཡོད་ཟེར་ཨིནམ་ད་ སློབ་གྲྭའི་ངལ་གསོ་སྐབས་ དངུལ་རྐྱང་གི་ འོང་འབབ་བཟོ་མི་ལས་ ཕྱེད་ཀ་དེ་ཅིག་ ཨའི་ལུ་བྱིན་ཏེ་ ལྷག་ལུས་ཚུ་ ཁ་ཟས་དང་ སློབ་གྲྭའི་མཁོ་ཆས་ཚུ་ ཉོ་དོ་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ངལ་གསོ་སྐབས་ ཁྱིམ་ནང་དེ་སྦེ་ར་ སྡོད་ནི་དེ་ དབངཔོ་ངལ་སི་སི་ཅིག་ཨིན་པའི་ཁར་ ཆ་རོགས་གཞན་ཚུ་གིས་ ཁྲོམ་ཁ་ལས་ཕར་ བཤལ་བར་འགྱོ་ནི་གི་ ཨུ་ཚུགས་བསྐྱེད་ནི་གི་ འོས་འབབ་ཡོདཔ་བཞིན་དུ་ མཐའན་མཇུག་ལུ་ སྨྱོ་རྫས་སྤྱོད་ནི་དང་ བཀྲ་མ་ཤིསཔ་འབད་ནི་གི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
འདི་འབདཝ་ལས་ སློབ་གྲྭའི་ངལ་གསོ་ ཟླཝ་༡ ཐོབ་མི་དེ་ དོན་སྨིན་ཅན་སྦེ་ གཡོག་བཀོལ་ནི་དང་ ཕམ་ཚུ་ལུ་ ཟད་འགྲོའི་འབྱེམ་སྦོམ་སྦེ་ མི་བཀལ་ནིའི་དོན་ལུ་ ཆ་རོགས་དག་པ་ཅིག་དང་ གྲོས་བསྟུན་འབད་དེ་ གནས་སྐབས་ཀྱི་ ལཱ་འབད་ནི་སྦེ་ ཐག་བཅད་ཅི་ཟེར་ སྐལ་ལྡན་ཚེ་རིང་རྡོ་རྗེ་གིས་ ཀུན་གསལ་ལུ་ བཤདཔ་ཨིན་པས།
གནས་སྐབས་ཀྱི་ ལཱ་ནང་ལས་ རྒྱལ་རབས་ཅན་དང་ བྱིན་བརླབས་ཅན་གྱི་གནས་ སྟག་ཚང་མཇལ་བར་འགྱོ་མི་ ལྟ་བཤལཔ་ཚུ་ རམ་ཐང་ཀ་ལས་ གྱེན་འཛེགས་འགྱོཝ་ད་ བཞོན་རྟ་ཁྱིད་མི་སྦེ་ འགྱོ་ནི་གི་ གདམ་ཁ་རྐྱབ་མི་དེ་ཡང་ ལྟ་བཤལཔ་ཚུ་དང་ འབྲེལ་བ་འཐབ་ནིའི་ གོ་སྐབས་ཐོབ་མ་ཚད་ ཁོང་གི་རྒྱལ་ཁབ་དང་ ལམ་སྲོལ་སྐོར་ལས་ དྲི་ནི་གི་ གོ་སྐབས་ལེགས་ཤོམ་ཡོད་ནི་དེ་གིས་ཨིན་ཟེར་ ཁོང་གི་གྲས་ལས་ རྒན་ཤོས་ཅིག་ཨིན་མི་ སློབ་ཕྲུག་ཅིག་གིས་ བཤདཔ་ཨིན་པས།
སློབ་རིམ་༡༢ པ་མཐར་འཁྱོལ་མི་ སློབ་ཕྲུག་དེ་གིས་ སླབ་མིའི་ནང་ སྟག་ཚང་འགྱོ་སའི་ གྱེན་ལམ་བདའ་སྟེ་བཞོན་རྟ་ཁྱིད་ནིའི་ལཱ་དེ་ ཁོ་ར་ སློབ་རིམ་༧ པའི་ནང་ དཔེ་ཆ་ལྷབ་པའི་སྐབས་ལས་ར་ འགོ་བཙུགས་ཅི་ཟེར་ཨིནམ་ད་ ད་རེས་ ཁོ་གིས་ ཉིནམ་རེ་ལུ་ འོང་འབབ་དངུལ་ཀྲམ་༩༠༠ རེ་ བཟོ་དོ་ཟེར་ སླབ་ཨིན་པས།
བཞོན་རྟའི་ཚོང་འབྲེལ།
བཞོན་རྟ་ཁག་འབགཔ་ སྐྱེས་ལོ་༣༧ ལང་མི་ རྒྱལམོ་གིས་ སྟག་ཚང་ལུ་འགྱོ་མི་ ལྟ་བཤལཔ་ཚུ་ལུ་ བཞོན་རྟ་གླ་ཁར་བཏང་སྟེ་ ད་རེས་འབདཝ་ད་ ལོ་༧ ལང་དོ་ཡོདཔ་ད་ གནམ་བྱཱར་གྱི་སྐབས་ སློབ་ཕྲུག་ཚུ་གིས་ གནས་སྐབས་ཀྱི་ ལཱ་འབད་བར་འོངམ་ད་ ཁོང་ལུ་ ཕན་ཐོགས་སྦོམ་བྱུངམ་མས་ཟེར་ བཤདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ ལྟ་བཤལཔ་ཚུ་གིས་ རྟ་༣ བདའ་བ་ཅིན་ ཨ་ལོ་ཚུ་ལུ་ རྟ་རེ་ལུ་ གླ་ཆ་དངུལ་ཀྲམ་༡༠༠ རེ་ བྱིན་དོ་ཟེར་ཨིནམ་ད་ མོ་ལུ་ བཞོན་རྟ་༧ ཡོདཔ་བཞིན་དུ་ བཞོན་རྟ་རེ་ལུ་ གླ་ཆ་དངུལ་ཀྲམ་༤༠༠ ལས་༡,༥༠༠ གི་བར་ན་ ལེན་མི་དེ་ཡང་ ལྟ་བཤལཔ་རེ་ལུ་ རྟ་རེ་བྱིན་པའི་སྐབས་ རྟ་ཁྱིད་མིའི་ གླ་ཆ་ཡང་ སྤྲོད་དགོ་ནི་དེ་གིས་ཨིན་ཟེར་ བཤདཔ་ཨིན་པས།
ལྟ་བཤལ་གྱི་ དུས་ཚོད་ནང་ རྒྱལམོ་གིས་ བཞོན་རྟ་ཚུ་ལས་ ཟླཝ་རེ་ལུ་ དངུལ་ཀྲམ་༦༠,༠༠༠-༧༠,༠༠༠ དེ་རེ་ འོང་འབབ་བཟོ་དོ་ཡོདཔ་མ་ཚད་ དུས་ཚོད་གཞན་ཚུ་ནང་ དངུལ་ཀྲམ་༣༠,༠༠༠ དེ་ཅིག་ལས་བརྒལ་ ཐོབ་མི་ཚུགས་པས་ཟེར་ བཤདཔ་ཨིན་པས།
བཞོན་རྟ་གླ་ཁར་བཏང་ཐོག་ལས་ ཚོང་འབྲེལ་འཐབ་སྟེ་ ལོ་༡༣ དེ་ཅིག་ལང་མི་ བཙན་སྐྱོགས་དེ་ སྐྱེས་ལོ་༡༠ ལས་ར་ ཕོ་རྒནམ་དང་གཅིག་ཁར་ བཞོན་རྟ་ཚུ་གི་ ལཱ་འབད་ནི་ འགོ་བཙུགས་ཡོདཔ་ད་ ལྟ་བཤལ་པའི་ སྣུམ་འཁོར་ཚུ་ལྷོདཔ་ཅིག་ དེ་འཕྲོ་ལས་ རྟའི་ཇོ་བདག་ག་ར་ འགྱོ་ཞིནམ་ལས་ བཞོན་རྟ་གི་ གླ་ཆའི་གོང་ཚད་ བདེ་སྒྲིག་འབད་དོ་ཡོདཔ་ལས་ རེ་ཚེ་སྐབས་ ལྟ་བཤལ་པའི་ ལམ་སྟོན་པ་དང་ དེད་གཡོགཔ་ཚུ་ལས་ ཚོགས་བརྡ་ཡང་ འཐོབ་ནི་ཡོད་ཟེར་ སྐྱེས་ལོ་༢༥ ལང་མི་གིས་ བཤདཔ་ཨིན་པས།
བཞོན་རྟ་ཁག་འབགཔ་ཚུ་ལུ་ ཤེས་ཡོན་མེད་རུང་ མང་ཤོས་ཀྱིས་ ཨིང་སྐད་དང་ ཧིན་དྷི་ དེ་ལས་ རྒྱ་མིའི་ཁ་སྐད་ཚུ་ ཤེས་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་དང་ བཞོན་རྟ་ལག་ལེན་གྱི་ གླ་ཆའི་གོང་ཚད་སྒྲིག་ནི་ལུ་ སྟབས་བདེ་བས་ཟེར་ བཙན་སྐྱོགས་ཀྱིས་ བཤདཔ་ཨིན་པས།
བཞོན་རྟ་ཁག་འབགཔ་གཞན་ཅིག་གིས་ སླབ་མིའིནང་ ལྟ་བཤལཔ་ཚུ་ལུ་ བཞོན་རྟའི་ཞབས་ཏོག་བྱིན་ནི་དེ་ ཁེ་སང་ཆེ་བའི་ ཚོང་འབྲེལ་ཅིག་ཨིན་མི་དེ་ཡང་ རྟ་༢ ཀྱིས་ ཉིནམ་༡ ནང་ དངུལ་ཀྲམ་༡,༠༠༠ རེ་ བཟོ་ཚུགསཔ་ཨིན་ཟེར་ཨིན་པས།
ཞབས་ཏོག་ལེགས་བསྒྱུར་འབད་ནི།
ད་ལས་ཕར་ བཞོན་རྟ་ཁག་འབགཔ་ཚུ་གི་ ནང་འཁོད་ལུ་ དོ་འགྲན་དང་ གླ་ཆ་ཡར་སེང་མར་ཕབ་ཀྱི་ རྩོད་དོན་མི་འཐོན་ནི་ཨིན་མི་དེ་ཡང་ སྟག་ཚང་གི་ བཞོན་རྟ་ཞབས་ཏོག་དེ་ ཤུལ་མའི་ཟླཝ་ནང་ལས་ ལྟ་བཤལཔ་ཚུ་གིས་ ཞབས་ཏོག་དགོ་འདོད་བསྐྱེད་པ་ཅིན་ ངོ་རྐྱང་ལུ་མེན་པར་ བཞོན་རྟ་ཁག་འབག་ཚོགས་སྡེ་ལུ་ མཁོ་མངགས་འབད་དགོཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་ འཕྲལ་ཁམས་ཅིག་ཁར་ དང་འདོད་ཡོད་མི་ ལྟ་བཤལ་ལས་སྡེ་ཚུ་གིས་ བཞོན་རྟ་ཚོགས་པ་དང་ འབྲེལ་བ་འཐབ་སྟེ་ ཞབས་ཏོག་མཁོ་མངགས་འབད་ཐོག་ལས་ ཧེ་མ་ལས་བཟོ་སྟེ་ཡོད་མི་ ཁག་འབག་ ཡང་ཅིན་ ད་ལྟོ་ཡོད་མི་ ཁག་འབག་ཚུ་ མཚམས་འཇོག་འབད་དགོ་པའི་ ཁྱབ་བསྒྲགས་འབད་ནུག།
ཚོགས་སྡེའི་ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ སླབ་མིའི་ནང་ ཚོགས་སྡེ་གིས་ སྟག་ཚང་གི་ བཞོན་རྟ་ཚོགས་པ་དང་གཅིག་ཁར་ ཞབས་ཏོག་ཚུ་ ཡར་དྲག་གཏང་ནི་གི་ ལཱ་འབད་བའི་བསྒང་ཡོདཔ་བཞིན་དུ་ ད་རེས་ཀྱི་ གནས་སྟངས་ལུ་ བལྟ་བ་ཅིན་ ས་ཁོངས་ནང་ ལྟ་བཤལཔ་ཚུ་ ལྷོད་པའི་སྐབས་ ཁག་འབགཔ་དང་ རྟའི་ཇོ་བདག་ཚུ་གིས་ ཞབས་ཏོག་བྱིན་ནིའི་དོན་ལུ་ སྡེ་ཚན་སྦེ་འགྱོཝ་ད་ ལེགས་ཤོམ་མི་མཐོང་པས་ཟེར་ཨིན་པས།
ཧེ་མར་ བཞོན་རྟ་དང་འབྲེལ་བའི་ རྩོད་དོན་ཚུ་ ཐོན་ཡོད་རུང་ ག་ལུ་ཡང་ འགན་འཁྲི་བཀལ་མ་ཚུགསཔ་ལས་ ད་ལས་ཕར་ ཞབས་ཏོག་དེ་ ཡར་དྲག་བཏང་ཐོག་ལས་ གནས་སྟངས་ལེགས་ཤོམ་བཟོ་ནི་དང་ ལྟ་བཤལ་པའི་ ཉེན་སྲུང་ཚུ་ ཚོགས་སྡེ་གིས་ འགན་འཁྲི་འབག་དགོ་ཟེར་ ཡོངས་ཁྱབ་མདོ་ཆེན་གྱིས་ བཤདཔ་ཨིན་པས།
རྒྱལམོ་གིས་ སླབ་མིའི་ནང་ བཞོན་རྟའི་ཇོ་བདག་ཚུ་གི་བར་ན་ མ་འགྲིགས་པར་ ལྟ་བཤལཔ་ཚུ་གི་གདོང་ཁར་ འཐབ་འཛིང་འབད་དགོཔ་ བྱུང་ཡོདཔ་ལས་ གནད་དོན་དེ་གི་སྐོར་ རྒེད་འོག་ཞལ་འཛོམས་ནང་ གྲོས་བསྟུན་འབད་ཡོད་རུང་ ག་ནི་ཡང་ འབད་མ་ཚུགས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ བཞོན་རྟ་ཚོགས་པ་དེ་ ཧེ་མ་ལས་ གཞི་བཙུགས་འབད་ཡོད་རུང་ རྟ་གི་ཇོ་བདག་ ལ་ལོ་གིས་ ཚོགས་སྡེའི་འཐུས་མི་སྦེ་ འཛུལ་མ་བཏུབཔ་ལས་ མཐའ་འཁྱོལ་ཅན་སྦེ་ འགྱོ་མ་ཚུགས་ཟེར་ཨིན་པས།
བཞོན་རྟ་ཚོགས་པ་ནང་ འཐུས་མི་༣༠ དེ་ཅིག་ལུ་ རྟ་༣༠༠ ལྷགཔ་ཅིག་ཡོདཔ་ད་ ཁག་འབགཔ་རེ་ལུ་ རྟ་མཐོ་ཤོས་ར་༡༦ དང་ ཉུང་ཤོས་༢ རེ་ ཡོདཔ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ། སྤ་རོ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *