སྤ་རོ་ལུ་ ཚོགས་རྒྱན་ས་ཁོངས་༣༢ ནང་ འགོ་དཔོན་༢༧༧ བགོ་བཀྲམ།

ཁ་ཙ་ ཕྱི་རུ་ལས་ སྤ་རོ་རྫོང་ཁག་གི་ ས་གནས་ཁག་སོ་སོའི་ ཚོགས་རྒྱན་ས་ཁོངས་༣༢ ནང་ ཚོགས་རྒྱན་འགོ་དཔོན་༡༨༡ དང་ ཉེན་སྲུང་ལྟ་རྟོག་པ་༩༦ ལྷོད་ཡོདཔ་ཨིན་པས།

ཚོགས་རྒྱན་ས་ཁོངས་ཚུ་གི་གྲས་ལས་མཇུག་ར་ སྲོས་རྫོང་དང་ ནུབ་རི་ཚོགས་རྒྱན་ས་ཁོངས་ནང་ ཉེན་སྲུང་ལྟ་རྟོག་པ་ཚུ་བརྩིས་ཏེ་ འགོ་དཔོན་༩ འབད་མི་ ཚོགས་རྒྱན་སྡེ་ཚན་ཅིག་ ཁ་ཙ་ དྲོ་པའི་ཆུ་ཚོད་༥ ལས་ ལམ་འགྲུལ་འབད་ནི་ འགོ་བཙུགས་ཡོདཔ་ད་ བཙན་ཏོག་རྒེད་འོག་ནང་ཡོད་མི་ ཚོགས་རྒྱན་ས་ཁོངས་ཚུ་ སྤ་རོའི་བྱང་ཁ་ཐུག་ལས་ ཀི་ལོ་མི་ཊར་༡༤ གི་ས་གནས་ ཤ་ནག་ལས་ དུས་ཡུན་ཆུ་ཚོད་༡༢ དེ་ཅིག་ ལམ་འགྱོ་དགོཔ་ཨིན་པས།

འགོ་དཔོན་༩ འབད་མི་ སྡེ་ཚན་དང་པ་དེ་ སྤྱི་ཟླ་༤ པའི་ཚེས་༡༧ ལུ་ ནག་རྒྱ་རྒེད་འོག་གི་ས་གནས་ བཙན་དུག་སྒང་གི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ སོང་ཡོདཔ་ད་ བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚོགས་རྒྱན་སྡེ་ཚན་དེ་ ཚོགས་རྒྱན་ས་ཁོངས་ནང་ ལྷོད་ནིའི་དོན་ལུ་ ཆུ་ཁ་རྫོང་ཁག་ སྒང་ལ་ཁ་དང་ གདུང་ནག་ སྨད་ལྟག་ཁ་བརྒྱུད་དེ་ གཙང་ཆུ་ལན་ཐེངས་གསུམ་བརྒལ་འགྱོ་དགོ་ཟེར་ཨིན་པས།

ངོས་ལེན་འགོ་དཔོན་ ཤེས་རབ་རྒྱལ་མཚན་གྱིས་འབད་བ་ཅིན་ ཚོགས་རྒྱན་ས་ཁོངས་རེ་ལུ་ ཚོགས་རྒྱན་འཕྲུལ་ཆས་༢ རེ་ བྱིན་ཡོད་མི་དེ་ཡང་ ཚོགས་རྒྱན་འཕྲུལ་ཆས་༡ པོ་དེ་ གལ་སྲིད་ འཕྲུལ་ཆས་ལུ་ ནོར་སྐྱོན་ཞུགས་པ་ཅིན་ དེ་གི་ལྷན་ཐབས་སྦེ་ཨིན་ཟེར་ བཤདཔ་ཨིན་པས།

བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚོགས་རྒྱན་འཕྲུལ་ཆས་ཚུ་ ཚོགས་རྒྱན་འགོ་དཔོན་ཚུ་ལུ་ རྩིས་སྤྲོད་མ་འབད་བའི་ཧེ་མར་ བརྟག་དཔྱད་འབད་ཞིནམ་ལས་ ཐིའུ་རྐྱབ་ཡོདཔ་ད་ ཁ་ཙ་ལས་ སྡེ་ཚན་ཚུ་གིས་ ཚོགས་རྒྱན་ས་ཁོངས་ཚུ་ནང་ ཚོགས་རྒྱན་འཕྲུལ་ཆས་དང་ མཐུན་རྐྱེན་གཞན་ཚུ་ བཙུགས་ཡོདཔ་ཨིན་པས།

ཝང་ཅང་རྒེད་འོག་ནང་ གྲངས་རྩིས་ལྟེ་བ་གཞི་བཙུགས་འབད་སར་ གྲངས་རྩིས་འགོ་དཔོན་༦ བཞག་མི་ཚུ་གིས་ ཁ་ཙ་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མིའི་ ཡིག་ཤུབས་ཀ་པ་དེ་ ཁ་ཕྱེ་ནི་ འགོ་བཙུགས་ཡོདཔ་ད་ ཡིག་ཚང་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་འབྲི་ཤོག་༩༨༣ བཏང་ཡོད་མི་ལས་ སྤྱི་ཟླ་༤ པའི་ཚེས་༡༦ ཚུན་ རྒྱན་ཤོག་ཚོགས་རྒྱན་༧༦༧ ཐོབ་ཡོད་པའི་གནས་ཚུལ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *