ཚེ་ཐར་བཏང་མི་ ཕགཔ་ཚུ།

སྤ་རོ་ལུ་ ཚེ་ཐར་དོན་ལུ་ སྲོག་སྐྱབས་འབད་མི་ ཕགཔ་དང་འབྲེལ་བའི་ བྲེལ་ཟིང་།

༉ སྤ་རོ་ རྡོ་སྟེང་རྒེད་འོག་གི་ བྱང་ས་བྱང་འགོ་ལུ་ཡོད་མི་ ཚེ་ཐར་གྱི་ཕགཔ་ གསོ་སྐྱོང་ཁང་ནང་ལྷོདཔ་ད་ དྲིམ་དུག་དྲགས་མནམ་པའི་ཁར་ གསོ་ཁང་ནང་ལས་ཐོན་མི་ ཕགཔ་གི་ཨ་བ་ཚུ་ ཐད་ཀར་དུ་ རྡོ་ཆུ་ནང་ འགྱོཝ་ཨིན་པས།

ས་ཁོངས་དེ་ ཧེ་མ་ ཕགཔ་གསོ་ཁང་ཨིནམ་ད་ ད་རེས་ ཚེ་ཐར་ཚོགས་པ་གིས་ སྲོག་སྐྱབས་འབད་མི་ ཕགཔ་༨༥ བཞག་སྟེ་ལོ་༣ ལྷག་ནི་འབད་དོ་ཡོད་མི་དེ་ ས་གནས་ཀྱི་མི་ཚུ་གིས་ སྤོ་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་པས།

རྡོ་སྟེང་རྒཔོ་ ལས་འཕྲོ་གིས་ སླབ་མིའི་ནང་ ས་ཁོངས་དེ་ ལོ་༢ ཀྱི་དོན་ལུ་ གླ་ཁར་སྤྱོད་ཡོད་མི་དེ་ དུས་ཚོད་རྫོགས་པའི་ ཤུལ་ལས་ རྒེད་འོག་ལས་ གནང་བ་ག་ནི་ཡང་ མ་ལེན་པར་ ཚོགས་པ་གིས་ ཕགཔ་ཚུ་བཞག་སྟེ་འདུག་ཟེར་ ཨིན་པས།

རྒཔོ་གིས་ སླབ་མིའི་ནང་ སྲོག་སྐྱབས་འབད་མི་དེ་ཡང་ དགེ་བའི་ལཱ་ཅིག་ཨིན་རུང་ ཚོགས་པ་གིས་ ས་ཁོངས་དེ་ ལྟ་རྟོག་འབད་དེ་ ཧིང་སངས་ས་མ་བཞག་པས་ཟེར་ཨིནམ་ད་ གསོ་སྐྱོང་ཁང་ནང་ལས་ཐོན་མི་ ཨ་བ་ཚུ་ ཐད་ཀར་དུ་ རྡོ་ཆུ་ནང་ འགྱོ་དོ་ཡོདཔ་ལས་ ཨ་བའི་དོན་ལུ་ གསོག་མཛོད་བཟོ་ཡོད་རུང་ ལག་ལེན་འཐབ་མ་བཏུབ་པས་ཟེར་ ཨིན་པས།

རྡོ་ཆུ་ལས་ རྡོ་སྟེང་དང་ དོསཔ་ཤར་རི་ དེ་ལས་ ཧུྂ་རོལ་རྒེད་འོག་ཚུ་ནང་ ཆུ་བཀྲམ་སྤེལ་འབད་དོ་ཡོདཔ་ལས་ མི་ཚུ་གིས་ ཉོགས་བཤད་ཚུ་ བཀོདཔ་མས་ཟེར་ཨིན་པས།

རྒཔོ་ལས་འཕྲོ་དང་འཁྲིལཝ་ད་ གསོ་སྐྱོང་ཁང་སྤོ་ནི་དེ་ ཕྱིས་སོ་མི་ལུ་བརྟེན་ རྒེད་འོག་གི་ འབའ་སྐྱོར་རྐྱབ་ནི་དེ་ཡང་ ཐོགས་ལུས་ཏེ་ཡོད་ཟེར་ཨིནམ་ད་ རྒེད་འོག་༣ གྱི་རྒཔོ་༣ གྱིས་ཡང་ ན་ཧིང་ སྤྱི་ཟླ་༦ པའི་ནང་ རྫོང་ཁག་ལུ་ ཉོགས་བཤད་ཡི་གུ་བཙུགས་ཡོདཔ་ཨིན་པས།

རྡོ་ཆུ་ལས་ ཆུ་ཐེན་མི་ཚུ་གིས་ ནོར་གྱི་ཆག་བཟོ་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ད་ ཆུ་མེད་པའི་སྐབས་ འཐུང་ཆུའི་ དོན་ལུ་ཡང་ ལག་ལེན་འཐབ་ནི་ཡོད་ཟེར་ཨིན་པས།

ཉོགས་བཤད་ཡི་གུའི་ནང་ རྒེད་འོག་གིས་ གསོ་སྐྱོང་ཁང་ སྤོ་དགོཔ་སྦེ་ ཐེངས་མང་རབས་ཅིག་ སླབ་ཡོད་རུང་ ཚོགས་པ་ལས་ ལན་གསལ་ག་ནི་ཡང་ མིན་འདུག་ཟེར་ བཀོད་ཡོད་པཨིན་པས།

དུས་ཅི་ སྤྱི་ཟླ་༢ པའི་ནང་ རྫོང་ཁག་བདག་སྐྱོང་གིས་ རྫོང་ཁག་སྒོ་ནོར་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་མི་ ཚོགས་ཆུང་ གིས་ ས་ཁོངས་ནང་ ལྟ་རྟོག་འབད་བའི་སྐབས་ ས་ཁོངས་དེ་ གཙང་སྦྲ་དང་མ་ལྡན་པའི་ཁར་ རོང་ཆུའི་ནང་ བཙོག་པ་བཟོ་ཡོད་པའི་སྐོར་ལས་ བཀོད་དེ་ཡོདཔ་ཨིན་པས།

ཚོགས་ཆུང་གིས་ ཕགཔ་གསོ་སྐྱོང་ཁང་དེ་ གཡུས་ཀྱི་སྦུག་ལུ་ཡོད་པའི་ཁར་ རོང་ཆུའི་ ཉེ་འདབས་ལུ་ཡོད་མི་དེ་ རང་བཞིན་གནས་སྟངས་ཀྱི་ལམ་སྟོན་དང་ སྒྲིག་གཞི་ལས་འགལ་ཏེ་འདུག་ཟེར་ བཀོད་ཡོད་པའི་ཁར་ ཚོགས་པ་གིས་ རྒེད་འོག་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ འཕྲལ་མགྱོགས་ར་ སྤོ་དགོཔ་སྦེ་ བཀོད་ནུག།

སའི་ཇོ་བདག་ སངས་རྒྱས་ཀྱིས་ སླབ་མིའི་ནང་ ཁོ་གི་ས་དེ་ ལོ་༢ ཀྱི་དོན་ལུ་རྐྱངམ་གཅིག་ གླ་ཁར་བྱིན་ཡི་ཟེར་ཨིནམ་ད་ དེ་ཡང་ ཚོགས་པ་གིས་ གནས་སྐབས་ཅིག་གི་དོན་ལུ་དང་ ཕགཔ་ཡང་ ཐེབས་བཙུགས་ནི་མེདཔ་སྦེ་ ཨིན་ཟེར་ཨིན་པས།

འགོ་དང་པ་ ཕགཔ་༡༢ ལས་བརྒལ་མེད་རུང་ ཚེ་ཐར་ཚོགས་པ་གིས་ རྫོང་ཁག་ཚུ་ནང་ལས་ སྲོག་སྐྱབས་འབད་དེ་ དེ་ཁར་ འབག་འོང་ནི་འདུག་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ཚོགས་པ་གིས་ ག་ལུ་ཡང་མ་སླབ་པར་ ཕགཔ་བཞག་ས་དེ་ཡང་ རྒྱ་སྐྱེད་འབད་ནུག་ཟེར་ཨིནམ་ད་ རོང་ཆུ་ལུ་ བརྟེན་སྡོད་མི་ཚུ་གིས་ ཉེན་བརྡ་འབད་ཡི་ཟེར་ཨིནམ་ད་ རོང་ཆུ་བཙོག་པ་འགྱོ་ནི་དེ་གིས་ མི་ཚུ་ལུ་ གནོད་པ་རེ་འབྱུང་པ་ཅིན་ ཁོ་གིས་ ཉེན་ཁ་འབག་དགོཔ་སྦེ་ སླབ་དེས་ཟེར་ཨིན་པས།

སངས་རྒྱས་ཀྱིས་ བཤད་མིའི་ནང་ སྲོག་སྐྱབས་འབད་མི་ཕགཔ་ཚུ་ སྡོད་ས་ལེགས་ཤོམ་མེད་པའི་ཁར་ ལྟོ་ཡང་ ལེགས་ཤོམ་ མ་བྱིན་པར་ བཞག་ཡོདཔ་ལས་ ཕགཔ་ཤི་མི་ཚུ་ཡང་ སྤྱང་ཁྱི་ཚུ་གིས་ ས་དོང་ནང་ལས་ བཏོན་ཟ་ནི་དེ་གིས་ ནད་གཞི་སྤེལ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།

ང་གིས་ ཚོགས་པ་ལུ་ སྤོ་དགོཔ་སྦེ་ ཐེངས་མང་རབས་ཅིག་སླབ་རུང་ ཉན་ཁུག་མིན་འདུག་ཟེར་ ཁོ་གིས་བཤདཔ་ཨིན་རུང་ ཚོགས་པ་གིས་ ཉེས་འཛུགས་དེ་ཚུ་ མི་བདེན་ཟེར་ཨིན་པས།

ཚོགས་པའི་འཐུས་མི་ ཉིམ་སྒྲོལམ་གིས་འབད་བ་ཅིན་ ཕགཔ་གསོ་ཁང་དེ་གི་དོན་ལུ་ ཁོང་གིས་ དངུལ་ཀྲམ་ས་ཡ་༡.༥ གནས་ པའི་ཕགཔ་སྲོག་སྐྱབས་འབད་དེ་ ད་རུང་ ཕགཔ་གསོ་ཁང་གི་དོན་ལུ་ དངུལ་ཀྲམ་འབུམ་༦ ཟད་འགྲོ་བཏང་ཡི་ཟེར་ཨིན་པས།

དེ་མ་ཚད་ སའི་ཇོ་བདག་གིས་ སེམས་ཅན་དེ་ཚུ་ སྡོད་པའི་རིང་ ས་ཆ་དེ་ གླ་ཁར་བྱིན་ནིའི་ ཁས་ལེན་འབད་དེ་ཡོད་ཟེར་ ཨིནམ་ད་ ཨ་བ་གིས་ རོང་ཆུ་བཙོག་པ་བཟོ་ནུག་ཟེར་མི་དེ་ཡང་ མི་བདེན་ཟེར་ཨིན་པས།

མོ་གིས་ བཤད་མིའི་ནང་ གསོ་ཁང་གི་ལྟག་ལུ་ཡོད་མི་ རོང་ཆུ་ཆུང་ཀུ་དེ་ ཧེ་མ་ལས་ ཨ་རིང་ནང་ལས་ འོང་མི་ཆུ་གིས་ བཙོག་པ་བཟོ་སྟེ་འདུག་ཟེར་ཨིནམ་ད་ དེ་ཡང་ ཨ་རིང་ནང་ ཕགཔ་གི་ཨ་བ་ཡོད་པའི་ལུད་དང་ གཞན་རྫས་སྦྱོར་བླུགས་མི་ཚུ་ག་ར་ རོང་ཆུ་དེ་ནང་ འགྱོ་ནུག་ཟེར་ཨིན་པས།

དེ་མ་ཚད་ མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཁའི་མི་ཚུ་ཡང་ ཕགཔ་གསོ་ཁང་ནང་ལས་ ལུད་འབག་དོ་ཡོདཔ་ལས་ གསོ་ཁང་ལུ་ ཚོད་བསྲེ་དང་ སུ་མ་ཚུ་བྱིན་ནི་ཡོད་ཟེར་ཨིནམ་ད་ ཉོགས་བཤད་བཀོད་མི་དེ་ མི་དག་པ་ཅིག་ཨིན་མས་ཟེར་ཨིན་པས།

རྒེད་འོག་གི་ བཀོད་རྒྱ་ལུ་ ངོས་ལེན་འབད་དེ་ ཚོགས་པ་གིས་ ཕགཔ་ཚུ་བཞག་ནིའི་དོན་ལུ་ ས་ཆ་འཚོལ་ཏེ་ དབང་འདུས་དང་ སྤུ་ན་ཁ་ དེ་ལས་ ཐིམ་ཕུག་དང་སྤ་རོ་གི་ ས་གནས་ཚུ་ནང་ལྟ་ཡོད་རུང་ འཚོལ་མ་ཐོབ་ཨིན་པས།

ཉིམ་སྒྲོལམ་གིས་ སླབ་མིའི་ནང་ ཉོགས་བཤད་ཚུ་ལུ་བརྟེན་ གསོ་ཁང་དེ་ ཉམས་བཅོས་འབད་མ་ཚུགས་པའི་ཁར་ སྡོད་ས་ཡང་ ལེགས་ཤོམ་སྦེ་ བཞག་མ་ཚུགས་ཟེར་ཨིནམ་ད་ ཚོགས་པ་ལུ་ གདམ་ཁ་གཞན་མེདཔ་ལས་ སེམས་ཅན་ཚུ་ མ་ཤི་རིང་ ད་ལྟོ་བཞག་ས་ལུ་ར་ བཞག་ནི་ཡོདཔ་ཅིག་གི་ ཞུ་བ་འབད་དོ་ཟེར་ཨིན་པས།

ཕགཔ་ཚུ་བཞག་བཅུག་པ་ཅིན་ གཙང་སྦྲ་དང་ལྡནམ་བཟོ་སྟེ་ བཙོག་མཛོད་ཡོད་མི་དེ་ཡང་ ཉམས་བཅོས་འབད་དེ་ ལག་ལེན་ འཐབ་ནི་ཟེར་ཨིནམ་ད་ འབའ་སྐྱོར་གྱི་ ས་ཁོངས་བཟོ་ཐབས་ལུ་ གསོ་ཁང་དེ་ ཞིང་གི་ཉེ་འདབས་ལུ་སྤོ་སྟེ་ རྩེདམོ་རྩེ་མི་ཚུ་ལུ་ དྲིམ་མ་མནམ་པར་ བཞག་ཐབས་ཚུ་ བཏོན་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *