ཆུ་འཛོམས་ལུ་ ཁ་ཚ་རྐང་ནད་ཐོབ་མི་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ ལྟ་རྟོག་འབད་བའི་བསྒང་།

སྤ་རོ་ལས་ སྒོ་ནོར་གྱི་ཐོན་སྐྱེད་ ཕྱི་ཁར་འབག་འགྱོ་མི་ཚུ་ འཕྱོག་བཟུང་འབད་དོ་ཡོདཔ།

༉ སྤ་རོ་རྫོང་ཁག་ནང་ ཞག་དག་པ་ཅིག་གི་ཧེ་མར་ ཁ་ཚ་རྐང་ནད་གསརཔ་ཐོན་པའི་ ཐོ་མེད་རུང་ མི་ཚུ་གིས་ ཚུལ་མིན་ཐོག་ལས་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ རྫོང་ཁག་གི་ཕྱི་ཁར་ འབག་འགྱོ་མི་ ཐོན་དོ་ཡོདཔ་ཨིན་པས།འབྲུག་བཟའ་ཆས་ཁྲིམས་དོན་དབང་འཛིན་གྱི་ ལྟ་རྟོག་པ་ཚུ་གིས་ ཆུ་འཛོམས་དང་ ཤར་པ་ དེ་ལས་ བོང་སྡེ་ལས་ ད་ཚུན་ ཨོམ་ལི་ཊར་༥༢༧ དང་ དར་ཚིལ་སྒོང་༩༦༡ དེ་ལས་ དརཝ་ལི་ཊར་༢༠༢ དེ་ཅིག་ འཕྱོག་བཟུང་འབད་ཡོདཔ་ད་ ལྟ་རྟོག་འབད་མི་ཚུ་གིས་ སྣུམ་འཁོར་ཚུ་ ཞིབ་དཔྱད་འབད་བའི་སྐབས་ ཉིན་བསྟར་བཞིན་དུ་ འཕྱོག་བཟུང་འབད་དོ་ཡོདཔ་ཨིན་པས།ནད་གཞི་དེ་ སྤྱི་ཟླ་༦ པའི་ནང་ འགོ་དང་པ་ རྫོང་ཁག་གི་ བཙན་ཏོག་རྒེད་འོག་ནང་ཐོན་པའི་ཤུལ་ལས་ ད་ཚུན་ བསྡོམས་ཀྱིས་ནོར་་༣༢ ལུ་ ཤི་རྐྱེན་བྱུང་མིའི་གྲས་ལས་༢༤ བོའུ་ཅུང་ཨིནམ་ད་ ནད་གཞི་དེ་གིས་ རྫོང་ཁག་ནང་ གཡུས་ཚན་༣༧ གྱི་ནོར་༧༢༩ ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།ཆུ་འཛོམས་ལུ་ཡོད་མི་ ལྟ་རྟོག་པ་གིས་ བཤད་མིའི་ནང་ སྒོ་ནོར་གྱི་ཐོན་སྐྱེད་འབག་མི་ཚུ་ལས་ མང་ཤོས་ར་ ནད་གཞི་དེའི་སྐོར་ལས་ ཤེས་མི་ཚུ་ཡོད་པའི་ཁར་ ཁོང་གིས་ སྒོ་ནོར་ལས་ཁུངས་ཀྱིས་ རྒེད་འོག་ཚུ་ནང་ ནད་གཞི་དེའི་སྐོར་ལས་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ བཅའ་མར་གཏོགས་མི་ཚུ་ འདུག་ཟེར་ཨིན་པས།སྤྱི་ཟླ་༨ པའི་ཚེས་༡༢ ལུ་ ཆུ་འཛོམས་ལུ་ཡོད་མི་ ལྟ་རྟོག་པ་ཚུ་གིས་ ཟླ་བ་ཁ་ལས་ ཕོ་སྐྱེས་ཅིག་གིས་ ཁོ་རའི་གླང་ཅིག་ སྤ་རོ་ཁ་ཐུག་ འཁྱིད་འགྱོ་ནི་སྦེ་ བདའ་འོང་མི་དེ་ ལོག་བཏང་ཡོདཔ་ད་ རྡོ་སྟེང་ལས་ ཨམ་སྲུ་ཅིག་གིས་ ཐིམ་ཕུག་ལུ་ཡོད་མི་ ཁོ་རའི་བུམོ་དང་འཕྱད་པར་འགྱོ་བའི་སྐབས་ དར་ཚིལ་སྒོང་༥༠ དེ་ཅིག་ འཕྱོག་བཟུང་འབད་དེ་ ས་དོང་ནང་ བླུགས་ཡོདཔ་ཨིན་པས།དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྫོང་ཁག་ནང་འཁོད་ལུ་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ བཙོང་མ་ཆོགཔ་སྦེ་ བཟོ་བ་ཅིན་ ཚུལ་མིན་ཐོག་ལས་ ཕྱི་ཁར་བཙོང་པར་འབག་མི་ཚུ་ མངམ་ཐོན་ཐོནམ་འོང་ཟེར་ཨིན་པས།ནད་གཞི་དེ་ དར་ཁྱབ་སོང་ཡོད་རུང་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་གིས་ མི་ལུ་ཉེན་ཁ་དེ་ཅིག་མེདཔ་ལས་ འདས་པའི་བདུན་ཕྲག་ནང་ ལྷན་ཁག་གིས་ རྫོང་ཁག་ནང་འཁོད་ལུ་ ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ཆོགཔ་སྦེ་ བཟོ་ཡོདཔ་ཨིན་པས།གཞུང་ལམ་ཁར་ ལྟ་རྟོག་འབད་ནིའི་ལས་རིམ་དེ་ ཟླཝ་༡ དེ་ཅིག་གི་ཧེ་མ་ལས་ འགོ་བཙུགས་ཡོད་མི་དེ་ ད་རུང་ བདུན་ཕྲག་དག་པ་ཅིག་ འགོར་ནི་བཟུམ་ཡོདཔ་ཨིན་པས།ནད་གཞི་དེ་ རྫོང་ཁག་གི་ རྒེད་འོག་བཅུ་ཐམ་ལས་ རྡོ་གར་དང་ ནཱ་རྒྱ་མ་གཏོགས་ རྒེད་འོག་ག་རའི་ནང་ དར་ཁྱབ་སོང་སྟེ་ཡོདཔ་ཨིན་པས།ནད་གཞི་བཀག་ཐབས་འབད་ནིའི་ནང་ སྡེ་ཚན་འགོ་ཁྲིད་འབད་མི་ སྒོ་ནོར་འགོ་དཔོན་ ཌོག་ཊར་ བརྩོན་འགྲུས་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནད་གཞི་བཀག་ཐབས་འབད་ནི་ལུ་ ད་རུང་ བདུན་ཕྲག་དག་པ་ཅིག་ འགོར་ནི་མས་ཟེར་ཨིན་པས།ཨིན་རུང་ ཧཱ་དང་ ཐིམ་ཕུག་རྫོང་ཁག་ཚུ་ནང་ ནད་གཞི་དེ་ དར་ཁྱབ་འགྱོ་བའི་ སྙན་ཞུ་མེད་མི་དེ་ཡང་ རྫོང་ཁག་ལས་ ཕྱི་ཁར་འགྱོ་སའི་ གཞུང་ལམ་ཚུ་ནང་ བཀག་དམ་འབད་ནིའི་དོན་ལུ་ ལྟ་རྟོག་འབད་མི་ཚུ་ བཙུགས་ནི་དེ་གིས་ཨིན་པས།ནད་གཞི་གསརཔ་ཐོབ་པའི་ སྙན་ཞུ་མེད་རུང་ ཧེ་མ་ལས་ ཐོབ་ཡོད་མི་ཚུ་ལུ་ རྒེད་འོག་རྒྱ་བསྐྱེད་འགོ་དཔོན་ཚུ་གིས་ སྨན་བཅོས་ཚུ་ འབད་བཞིན་དུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།བཀྲིས་བསྟན་འཛིན།

About admin

Check Also

མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ ལས་སྣ་ཚུ་ འཕྲོ་མཐུད་མི་འབད་ནི།

༉ བཀྲིས་གཡང་རྩེ་ལུ་ སྤྱི་ལོ་༢༠༡༨ ལས་ འགོ་བཙུགས་མི་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ བཟོ་སྐྲུན་འབད་ནི་དེ་ མཚམས་འཇོག་འབད་ཡོདཔ་ལས་ ད་ལས་ཕར་ ལས་འགུལ་དང་འབྲེལ་བའི་ ལས་སྣ་ག་ཅི་ར་ཨིན་རུང་ འཕྲོ་མཐུད་དེ་ མི་འབད་ཟེར་ཨིན་པས། བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *